《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月12日

ཆབ་མདོ་གྲོང་ཁྱེར་འགུ་རོ་གྲོང་རྡལ་གྲུ་གུ་གྲོང་ཚོས།

ཏང་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ལ་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གྲུ་གུ་གྲོང་ཚོ་ནི་གྲུ་གུ་ལའི་འདབས་སུ་གནས་པ་དང་རི་བོ་ཆེ་རྫོང་དང་བར་ཐག་ཉེ་པོ་ཡོད། དེ་ནི་ཁ་རུབ་ཆུས་ཀྱི“ཤར་སྒོ”ཡིན་ཞིང་། དེའི་མངའ་ཁོངས་སུ་རང་བྱུང་གྲོང་ཚོ་3དང་གྲོང་ཚོ་ཡོངས་སུ་དུད་ཚང་113དང་མི་495ཡོད་པ་རེད།

གྲུ་གུ་གྲོང་ཚོར་སྐྱོད་སྐབས་གཞུང་ལམ་གཡས་གཡོན་གྱི་ཉི་ནུས་ལམ་སྒྲོན་གྲལ་སྟར་འགྲིག་པ་དང་། གྲོང་ཚོའི་བཀོད་པ་གཙང་བ། གྱང་དཀར་པོ་དང་སོ་ཕག་དམར་པོ་ལས་གྲུབ་པའི་ཁང་པ་སྟར་ཆགས་སུ་གནས་པ། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ལས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཡོད།

2019ལོར་གྲུ་གུ་གྲོང་ཚོ་ཁ་རུབ་ཆུས་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ཚོད་ལྟའི་གྲོང་ཚོར་གྱུར་ནས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་གཏོང་བའི་གོ་སྐབས་ཐོབ་ཡོད། གྲོང་ཚོའི་ཏང་ཀྲི་པུས“ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཟུང་འབྲེལ”འཕེལ་རྒྱས་གཏོང་ཕྱོགས་སུ་བྱས་ནས། ཏང་ཡོན་གྱིས་ཡུག་བགོས་འགན་གཙང་ལེན་པའི་བྱེད་ཐབས་བརྒྱུད་འགན་འཁྲིའི་ས་ཁོངས་སོ་སོར་དབྱེ་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། ལོ་དེར་མང་ཚོགས་དུད་ཚང་80ཡི་སྡོད་ཁང་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་གད་སྙིགས་བརྒྱུད་འདྲེན་ས་ཚིགས་1དང་། སྤྱི་པའི་གསང་སྤྱོད་2 ཡུལ་སྐོར་གསང་སྤྱོད་2 བཙོག་ཆུ་གཙང་གསིང་ས་ཚིགས་3བཅས་ཆ་ཚང་བསྐྲུན་ཡོད། 2020ལོར“གསང་སྤྱོད་གསར་བརྗེར”ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དུད་ཚང་82ཀྱི་གསང་སྤྱོད་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་སྟོང་སྨི་5.1ཡོད་པའི་ཆུ་འབུད་མདོང་ལམ་སྒྲིག་སྦྱོར་བྱས་ནས་འཚོ་བའི་བཙོག་ཆུ་དང་གསང་སྤྱོད་ཀྱི་བཙོག་ཆུ་ཚད་གཞི་ལྟར་འབུད་ཐུབ་པར་བྱས་པ་རེད།

གྲུ་གུ་གྲོང་ཚོར་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ནགས་རིར་ཐང་ཤིང་དང་། ཡུན་ཧྲན་གསོམ་ཤིང་། རི་མཐོའི་སྤང་ལྗོངས་སོགས་ནགས་ཚལ་དང་སྔོ་ཁེབས་ཀྱིས་ཁེངས་ཡོད། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་ཆེད། ཚོད་ལྟའི་ལས་དོན་སྤེལ་ཚུན། གྲུ་གུ་གྲོང་ཚོའི་ཏང་ཀྲི་པུས“ཏང་གིས་མང་ཚོགས་ལ་སྣེ་ཁྲིད་དང་། ལས་བྱེད་པས་དུད་ཚང་ལ་རོགས་རམ། དུད་ཚང་གིས་དུད་ཚང་ལ་རོགས་རམ། ཐུན་མོང་ཕྱུག་འགྱུར”བཅས་ཀྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བྱས་ནས་ཏང་ཡོན་སྒྲིག་འཛུགས་ཀྱིས་ཡུག་ཁུལ་དང་དུད་ཚང་འགན་གཙང་བླངས་ནས“རི་གཉིས”ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་པར་བརྟེན། ཞིང་འབྲོག་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ཐད་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་ཕྱིན་ཡོད། ད་ཆ་གྲུ་གུ་གྲོང་ཚོའི་ཁོངས་གཏོགས་ཀྱི་ནགས་ཚལ་དུ་སྐྱོད་སྐབས། ང་ཚོའི་མིག་ལམ་དུ་འཆར་བ་ནི་ནགས་སྲུང་བ་ཚོས་ཉིན་ལྟར་དཔུང་རྟགས་བཏགས་ཏེ་ནགས་གསེབ་ཏུ་བསྐྱོད་ནས་རྩྭ་དང་རྩི་ཤིང་རེ་རེར་སྲུང་སྐྱོང་བྱེད་བཞིན་ཡོད་པ་དེ་རེད།

“ཐོག་མའི་དུས་སུ། མང་ཚོགས་ཀྱིས་བསམ་ཤེས་མ་ཐུབ་པར་བརྟེན་ཚང་མས་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་བར་རྒྱབ་སྐྱོར་དེ་ཙམ་བྱས་མེད། ཉེ་བའི་ལོ་གཉིས་རིང་། བསམ་བློའི་སློབ་གསོ་ཧུར་ཐག་བརྒྱབ་པ་བརྒྱུད། ད་ཆ་ཚང་མས་ཁོར་ཡུག་བཅོས་སྐྱོང་ངམ་ཡང་ན་སྐྱེ་ཁམས་སྲུང་སྐྱོང་གང་ཡིན་རུང་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད”ཅེས་གྲུ་གུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་ཉིའུ་ཡིས་བཤད།

གྲུ་གུ་གྲོང་ཚོའི་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས། སྐྱེ་ཁམས་ཐོན་ལས་ཁག་གཅིག་ཀྱང་འཕེལ་རྒྱས་ཕྱིན་ནས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས། གྲོང་ཚོའི་ནང་སྔ་རྗེས་སུ་ཁམ་མདོ་ཁ་ཟ་ལས་སྒར་ས་དང་གྲུ་གུ་ཟ་ལས་སྒར་ས་སོགས་གྲོང་ཚོའི་མཉམ་སྡེབ་སྐྱེ་ཁམས་ཡུལ་སྐོར་གྱི་རྣམ་གྲངས་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཟ་ལས་སྒར་སའི་རྣམ་གྲངས་ཁོ་ནར་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་ཡོད།

དེ་དང་ཆབས་ཅིག་སྐྱེ་ཁམས་ཡུལ་སྐོར་གྱི་ཚ་རླབས་ལ་བརྟེན་ནས་མང་ཚོགས་ལ་ཕྱུག་འགྱུར་གྱི་ལས་སྟེགས་ཧུར་ཐག་བཏོད་དེ། མང་ཚོགས་ཀྱིས་ཡུལ་སྐོར་བར་ཕྱུར་བ་དང་། ཞོ། འོ་མ། དབྱར་རྩྭ་དགུན་འབུ། གྲོ་མ་སོགས་ཡུལ་ཟོག་ཐོན་རྫས་བཙོངས་ནས་ཡོང་འབབ་མང་དུ་གཏོང་བའི་ལྕག་སྐུལ་བྱས་པ་རེད། ད་ཆ་གྲུ་གུ་གྲོང་ཚོས་བཏོད་པའི“ཇ་རྟའི་ཁྱིམ་ཚང”གི་སྒུལ་བདེའི་རླངས་འཁོར་ནི་ས་གནས་དེ་གའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

“ད་ནས་བཟུང‘སྒུག་བརྟེན་སློང་གསུམ’གྱི་བསམ་བློ་ཡོད་མི་རུང་། ང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་ངལ་རྩོལ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་འཚོ་བ་གཏོད་དགོས”ཞེས་གྲུ་གུ་གྲོང་ཚོའི་ཏང་ཀྲི་པུའི་ཚོགས་འདུའི་ཐོག་ཏང་ཡོན་གྲགས་པ་བསམ་གྲུབ་ཀྱིས་བཤད་པ་དང་། ཁོང་གིས“‘ལྗང་མདོག་གསར་བརྗེ’ནར་འགྱངས་གཏན་ནས་བྱེད་མི་རུང་། ང་ཚོ་ཚང་མ་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁུར་བ་དང་པོ་ཡིན”ཞེས་བཤད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)