《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月12日

རོགས་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་། མཉམ་སྐྲུན་ལས་ལ་གཡུར་ཟའི་འབྲས་བཟང་སྨིན།

—— ཧྭ་གློག་བོད་ལྗོངས་དྭགས་པོ་ཀུང་སི་དང་ཟངས་རི་རྫོང་དྭགས་པོ་གྲོང་ཚོ་ཆ་སྒྲིག་མཉམ་སྐྲུན་སྐོར་གྱི་ཕྱོགས་བསྡུས་སྒྲིལ་གླེང་།

འདི་ནི་དྭགས་པོ་ཀུང་སིའི་ལས་མིས་གཟུགས་པོ་བརྟག་དཔྱད་ཀྱི་འཕྲུལ་ཆས་སྤྱད་དེ་དྭགས་པོ་གྲོང་ཚོའི་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་ཧྭ་གློག་གིས་མ་དངུལ་སྒོར་ཁྲི་2600བཏང་ནས་བསྐྲུན་པའི་གནས་སྤོས་གྲོང་གསར་ཏེ། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་དྭགས་པོ་གྲོང་ཚོ་ཡིན་པ།

དྭགས་པོ་གྲོང་ཚོ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་ཡར་ཀླུང་གཙང་པོའི་རོང་ཆེན་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཡོད། དེ་ཡང་ཀྲུང་གོ་ཧྭ་གློག་གིས་མ་དངུལ་སྒོར་ཁྲི་2600བཏང་ནས་བསྐྲུན་པའི་གནས་སྤོས་གྲོང་གསར་ཞིག་རེད་ལ་ཧྭ་གློག་བོད་ལྗོངས་དྭགས་པོ་ཀུང་སི་གནས་ཡུལ་ཡང་རེད།

2013ལོའི་ཟླ་10པར་དྭགས་པོ་ཀུང་སི་བཙུགས་ཚུན། ཀུང་སིས་ཏང་འཛུགས་སྐྱོང་གིས་མཉམ་སྐྲུན་ལ་སྣེ་ཁྲིད་དང་ཕན་ཚུན་རོགས་རམ་གྱིས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཀུང་སིའི་ལས་བཟོ་ཚོས་ས་མཐོར་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་ཕུལ་ནས་དྭགས་པོ་གྲོང་ཚོའི་གྲོང་མི་དང་མཉམ་དུ“གནས་སྦྱར་རོགས་སྐྱོར་དང་ཆ་སྒྲིག་རོགས་སྐྱོར”གྱི་གསོན་ཉམས་དོད་པའི་ལེའུ་རྩོམ་འགོ་ཚུགས།

གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཀྱིས་གྲོང་ཚོ་དང་ཁེ་ལས་དབར“ཕྱུག་འགྱུར་ཟམ་པ”བསྐྲུན་པ།

“ད་ལྟ་ང་ཚོའི་སྡེ་ཚན་དུ་གནས་གཏན་འཁེལ་གྱི་སློབ་མ་8ཡོད། ཁོང་ཚོ་ཚང་མ་ང་ཚོའི་ཀུང་སིའི་རྐང་འཛིན་སྟོབས་ཤུགས་རེད། ཀུང་སི་བཙུགས་རྗེས་ཟངས་རི་རྫོང་གི་རྒྱབ་སྐྱོར་འོག་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་སློབ་མར་གནས་གཏན་འཁེལ་གྱི་སློབ་བསྡུ་དང་། གསོ་སྐྱོང་། ལས་ཞུགས་བཅས་བྱེད་པ་དང་། སློབ་མ་སྒྲིག་འཛུཊ་བྱས་ནས་སི་ཁྲོན་གློག་ཤུགས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་ལ་བཏང་བ་མ་ཟད། སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ཚང་མ་ཀུང་སིས་གཏོང་གི་ཡོད། ཁོང་ཚོའི་སློབ་ཐོན་དང་དངོས་སྦྱོང་གསོ་སྦྱོང་མཇུག་འགྲིལ་རྗེས་ཀུང་སིའི་ལས་མིར་བསྡུ་གི་ཡོད”ཅེས་ཀུང་སིའི་ཉམས་བཟོ་པུའི་ཀྲུའུ་རེན་གཞོན་པ་ཞུང་ཙེ་ཆང་གིས་ངོ་སྤྲོད་བྱས།

དྭགས་པོ་ཀུང་སིའི་ལས་མི་ཤེས་རབ་བཟང་མོ་ནི་ཀུང་སིའི་གནས་གཏན་འཁེལ་གྱི་སློབ་མ་ཡིན་ཞིང་། ཁོ་མོས“ཐོག་མར་ཀུང་སིས་ང་འཚོལ་སྐབས་ནང་མི་ཚང་མས་བྱ་བ་བཟང་པོ་དེ་འདྲ་ཡོད་པ་ཡིད་མ་ཆེས། སྲིད་གཞུང་དང་ཀུང་སིས་རང་ཉིད་ལ་སློབ་སྦྱོང་དང་ལས་ཞུགས་ཐད་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

དེ་དང་ཆབས་ཅིག་དྭགས་པོ་གྲོང་ཚོས་དྭགས་པོ་ཀུང་སིའི་ལས་གྲྭའི་རྣམ་གྲངས་ལས་འགོ་ཚུགས་པའི་ལོ་དེར་སྐྱེལ་འདྲེན་ཀུང་སི་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་ཟོག་འདྲེན་རླངས་འཁོར་76གིས་ལས་གྲྭ་འཛུགས་སྐྲུན་གྱི་སྐྱེལ་འདྲེན་ལས་ལ་གཞོལ་འགོ་ཚུགས་པ་དང་། གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་འགྲིམ་འགྲུལ་བཀོད་འདོམས་དང་བཟོ་ཁུལ་གྱི་འཕྲོད་བསྟེན་གཙང་སྦྲ་སོགས་ཀྱི་ལས་གནས་སུ་ལས་ཞུགས་ཐུབ་ཡོད། འདི་ལོའི་ལོ་འགོར་དྭགས་པོ་ཀུང་སིས་དྭགས་པོ་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་ལ་ལས་གྲྭའི་དངུལ་སྒོར་ཁྲི་1200སྤྲད་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་20ཙམ་བྱུང་ཡོད། 2023ལོའི་ཟླ་1པོ་ནས་ཟླ་10པའི་བར། དྭགས་པོ་ཀུང་སིས་མི་ཐེངས་1900ལས་ཀར་བསྡུས་པར་འབབ་འཕར་སྒོར་ཁྲི་1400བྱུང་ཡོད།

ཀྲི་པུའུ་མཉམ་སྐྲུན་ལ་དམ་འཛིན་གྱིས་གྲོང་ཚོ་དང་ཁེ་ལས་དབར“ཏང་འཛུགས་སྐྱོང་ཟམ་པ”བསྐྲུན་པ།

“མཉམ་དུ་སྤོ་ལོ་རྒྱག་པར་འགྲོ”ཞེས་དྭགས་པོ་གྲོང་ཚོའི་བསོད་ནམས་རྡོ་རྗེས་གྲོང་མི་ཁ་ཤས་འབོད་དེ་དྭགས་པོ་ཀུང་སིའི་ལུས་རྩལ་ཁང་དུ་བསྐྱོད།

གསར་འགོད་པ་ཁོང་ཚོ་དང་མཉམ་དུ་ལུས་རྩལ་ཁང་དུ་སྐྱོད་སྐབས་དེར་ལུས་སྦྱོང་ཡོ་ཆས་མང་པོ་འདུག་ལ་ལན་ཆིའུ་སྤོ་ལོ་ཁང་དང་། བྱ་སྒྲོའི་སྤོ་ལོ་ཁང་། ཕིང་ཕང་སྤོ་ལོ་ཁང་བཅས་འདུག “དེ་ང་ཚོའི་ཀུང་སིས་གནས་ཚུལ་དངོས་ལ་གཞིགས་ནས་བེད་མེད་མཛོད་ཁང་སྒྱུར་བཀོད་བྱས་ཏེ་བསྐྲུན་པའི་ལུས་རྩལ་ཁང་རེད”ཅེས་དྭགས་པོ་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཚའེ་དབྱང་གིས་གསར་འགོད་པར་ངོ་སྤྲོད་བྱས།

ཚའེ་དབྱང་གིས་གསར་འགོད་པར་ཀུང་སིའི་ཏང་ཀྲི་པུའུ་དང་པོ་དང་དྭགས་པོ་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་མཉམ་སྐྲུན་གྱི་གྲོས་མཐུན་བཞག་སྟེ་དྭགས་པོ་ཀུང་སིའི་སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་2000ལས་བརྒལ་བའི་ལུས་རྩལ་ཁང་དང་། ཉི་འོད་ཁང་། ལས་བཟོའི་དཔེ་དེབ་ཁང་། སྨྱན་སྦྱོར་སྣེ་མང་གི་ཚོགས་ཁང་། བདེ་འཇགས་ཉམས་ལེན་ཁང་སོགས་ལ་བརྟེན་ནས་ཕྱོགས་གཉིས་པོས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་། སློབ་སྦྱོང་གསོ་སྦྱོང་། སྤེལ་རེས་བཞུགས་མོལ། རིག་གནས་དང་ལུས་རྩལ་བྱེད་སྒོ་སོགས་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་གྱི་ཡོད་ཅེས་བཤད།

གཞན་ཡང་། རྒྱལ་སྟོན་དུས་ཆེན་རིང་མཉམ་དུ་རྒྱལ་དར་སྒྲེང་བ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་ཕན་ཚུན་ཞུགས་པ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་མཚན་ཚོགས་མཉམ་དུ་གཉེར་བ། སྤོ་ལོའི་རིགས་ཀྱི་མཐུན་འབྲེལ་ལྷན་ཚོགས་གཉེར་བ། “3·28ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་དྭགས་པོ་གྲོང་ཚོའི་ལོ་བཅུའི་འཕོ་འགྱུར་ཆེན་པོའི”བཞུགས་མོལ་ཚོགས་འདུ་སོགས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཁེ་ལས་ཀྱི་ལས་བཟོ་དང་གྲོང་མིའི་དབར་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་པ་དང་སྦྲགས་ཕན་ཚུན་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ནས་མཐུན་སྒྲིལ་དང་འཆམ་མཐུན་གྱི་རྣམ་པ་བཟང་པོ་བཏོད་ཡོད།

འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བརྟེན་ནས་གྲོང་ཚོ་དང་ཁེ་ལས་དབར“མཐུན་སྒྲིལ་ཟམ་པ”བསྐྲུན་པ།

“གྲོང་ཚོར་ཆུ་བེད་སྤྱོད་བྱེད་ཚད་མང་དུ་ཕྱིན་པའི་ཁར་བཙོག་འབུད་མདོང་ལམ་ལོ་མང་ཉམས་བཟོ་བྱས་མེད་པར་བརྟེན་2023ལོའི་ཟླ་6པར་དྭགས་པོ་གྲོང་ཚོའི་ས་འོག་བཙོག་འབུད་མདོང་ལམ་གས་ནས་རྫབ་ཆུས་གྲོང་མིའི་འཚོ་བར་དཀའ་ངལ་ཆེན་པོ་བཟོས་ཡོད། གནད་དོན་དེ་ཤེས་རྟོགས་བྱུང་འཕྲལ་ང་དང་སྡེ་ཚན་གྱི་ལས་རོགས་ཚོས་མཉམ་དུ་མདོང་ལམ་བསྔོགས་ནས་གྲལ་བཤེར་ཞིབ་ཚགས་བྱས་ཏེ་རིང་ཚད་སྨི་300ལྷག་ཙམ་ཡོད་པའི་བཙོག་འབུད་མདོང་ལམ་གསར་པ་བཏིང་ནས་གྲོང་མིའི་སེམས་ཁྲལ་བསལ་བ་ཡིན”ཞེས་དྭགས་པོ་ཀུང་སིའི་ལས་གྲྭ་དོ་དམ་པུའི་ཀརྨ་ཚེ་བརྟན་གྱིས་བཤད།

གནས་ཚུལ་དེ་དང་འདྲ་བ་ད་དུང་མང་པོ་ཡོད། ཀུང་སིའི་ལས་མིས་ངལ་གསོའི་དུས་སུའང་གྲོང་མིའི་གློག་ཆས་དང་གློག་ལམ་ཉམས་བཟོ་བྱེད་ཀྱི་ཡོད། འདི་ལོའི་ཟླ་9པར་དྭགས་པོ་ཀུང་སིས་ད་དུང་དྭགས་པོ་གྲོང་ཚོའི་དགོས་མཁོར་གཞིགས་ནས་གྲོང་ཚོར་ལྕགས་རི་བཟོ་རོགས་བྱས་པ་རེད།

དྭགས་པོ་ཀུང་སིས་ད་དུང་གཟའ་འཁོར་རེར་སློབ་སྦྱོང་འཛིན་གྲྭ་བཙུགས་ནས་ཀུང་སིའི་ལས་བཟོས་གྲོང་མིར་རྒྱལ་ཁྱབ་ཀྱི་སྤྱི་སྐད་ཁྲིད་པ་དང་གྲོང་མིས་ལྗོངས་ཕྱི་ནས་ཡོང་བའི་ལས་བཟོར་བོད་ཡིག་དང་བོད་སྐད་བསླབ་ཀྱི་ཡོད། ལས་བཟོ་རྣམས་ལས་ཀ་གྲོལ་རྗེས་རྟག་ཏུ་གྲོང་མི་དང་མཉམ་དུ་སྒོར་གཞས་དང་བོད་གཞས་སྦྱོང་གི་ཡོད།

སྐྱེ་ཁམས་ཉ་གསོ་ར་བ་སྒོ་དབྱེ་དང་གློག་གཏོང་སྒྲིག་ཆས་འཇོག་སར་སློབ་མ་ལྟ་སྐོར་དང་སློབ་སྦྱོང་ལ་བཏང་ནས་འབྲེལ་ཡོད་སྐྱེ་དངོས་དང་སྐྱེ་ཁམས་ཤེས་བྱ་ཤེས་རྟོགས་དང་། ཁྲིམས་སྐྱོང་བར་ཁྱམས་དང་སྤྲོ་གསེང་བར་ཁྱམས་འཛུགས་པ། ཁོར་ཡུག་མཛེས་སུ་གཏོང་བ། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས། བདེ་ཐང་ཁང་ཆུང་འཛུགས་པ། གྲོང་མིའི་གཟུགས་པོར་བརྟག་དཔྱད་སོགས་ལས་དོན་མང་པོ་སྤེལ་གྱི་ཡོད། ད་ཆ་དྭགས་པོ་ཀུང་སི་འདི་ཉིད་དེང་རབས་ཅན་གྱི་ཤེས་དཔལ་ལག་ལེན་ས་ཚིགས་ཤིག་ཏུ་གྱུར་ཡོད།

“ང་ཚོའི་ལས་བཟོ་མང་པོ་ཞིག་གི་ཐེམ་ཐོ་འདི་གར་བསྒྱུར་ཡོད། ང་ཚོའི་ངོས་ནས་བརྗོད་ན་དྭགས་པོ་གྲོང་ཚོ་ང་ཚོའི་ཁྱིམ་ཚང་ཡིན་ལ། ང་ཚོ་དྭགས་པོ་གྲོང་ཚོའི་གྲོང་མིའང་ཡིན”ཞེས་དྭགས་པོ་ཀུང་སིའི་འགན་འཁུར་བ་ཏུང་ཝེ་ཡིས་བཤད། (བསོད་བདེ་གཞོན་པ་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)