འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་6ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ཟླ་3ཚེས་2ནས་6ཉིན་བར་ཅི་ལིན་སུང་ཧྭ་མཚེའུའི་གངས་ཤུད་ར་བར་འཚོགས་ཤིང་། ཀྲུང་གོ་རུ་ཁག་ལ་གསེར་གྱི་རྟགས་མ་7ཐོབ་པའི་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་གསེར་གྱི་རྟགས་མ་4ཐོབ་ནས་མེས་རྒྱལ་ལ་གཟི་བརྗིད་དང་བོད་ལྗོངས་ལ་བཀྲག་མདངས་བསྣན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ནང་ཀྲུང་གོ་དང་། རི་པིན། ཧན་གོ ཐེ་ལན་བཅས་རྒྱལ་ཁབ་4ཡི་ལུས་རྩལ་པ་66ཞུགས་པ་དང་། སྐྱེས་པ་དང་བུད་མེད་ཀྱི་བར་ཐག་ཐུང་ངུ་དང་། ཐད་དཔྱང་མྱུར་ཚད་འགྲན་བསྡུར། མི་སྒེར་བྱེས་བགྲོད། ཕོ་མོ་མཉམ་བསྲེས་ཤུགས་མཐུད་སོགས་རྣམ་གྲངས་7བཀོད་སྒྲིག་བྱས་ཡོད་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་25ཀྲུང་གོའི་རྒྱལ་ཁབ་རུ་ཁག་ནང་བདམས་ནས་འགྲན་བསྡུར་ལ་ཞུགས་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)