འདི་ལོའི་ཟླ་3ཚེས་5ཉིན་ནི་རྒྱལ་ཡོངས་ཀྱི“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ”ཨང་61པ་ཡིན་ཞིང་། དེ་ཉིན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་5000ལྷག་ཙམ་སྤེལ་ནས་ལེ་ཧྥུང་གི་གཏམ་རྒྱུད་བསྐྱར་དྲན་དང་ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་རེད།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི“ལེ་ཧྥུང་ལ་སློབ་སྦྱོང་དང་ཤེས་དཔལ་ལག་ལེན་བསྟར་བར་ང་ཡིས་བྱ་སྤྱོད་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་ལ་དངོས་སུ་སྤེལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཟླ་བ་ཚེ་རིང་གིས་དང་བླངས་ཞབས་ཞུའི་དྲིལ་བསྒྲགས་འགྲེམས་སྟོན་བྱ་ཡུལ་དུ་ཕེབས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་འཛུགས་སྐྱོང་དང་། དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་དང་བླངས་ཞབས་ཞུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། དང་བླངས་ཞབས་ཞུ་དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འགོ་ཚུགས་མཛད་སྒོར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་སོགས་ཚན་པས་2024ལོ་འཁོར་གྱི་བོད་ཀྱི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་གསོ་སྦྱོང་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་བོད་ཀྱི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བཀྲ་ཤིས་གཡང་ནོར་གྱི་གཟུགས་བརྙན་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་ལ་དང་བླངས་ཞབས་ཞུར་ཞུགས་རྒྱུའི་གྲོས་འགོ་བཏོན་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་3ཚེས་5ཉིན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་5000ལྷག་ཙམ་སྤེལ་བ་དང་། དྲིལ་བསྒྲགས་དངོས་པོ་དང་དྲིལ་བསྒྲགས་ལག་དེབ་ཁྲི་128.3སྤྲད་པ། དང་བླངས་པ་མི་ཐེངས་ཁྲི་6ལྷག་ཙམ་ཞུགས་པ། མང་ཚོགས་མི་ཐེངས་ཁྲི་91.3ལྷག་ཙམ་ལ་ཞབས་འདེགས་ཞུས་པ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)