《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月07日

བྱ་བ་དངོས་བསྒྲུབས་ནས“ཨུ་ཡོན་གྱི་འགན་འཁྲི་ཁུར་སེམས”མཚོན་པར་བྱས་པ།

སྨན་གྲོང་ནོར་བུ་སྲི་ཐར་ནི་སྨན་གསར་ལུགས་ཀྱི་ཐང་གའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། དུས་ཡུན་ལོ་8སྤྱད་ནས་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ཉམས་གསོ་བྱེད་མཁན་ཁྱད་དུ་འཕགས་པའི་ཐང་ག་བཞེངས་མཁན་ཞིག་རེད།

སྐབས་གཉིས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་བའི་སྨན་གྲོང་ནོར་བུ་སྲི་ཐར་གྱིས“སྲིད་གྲོས་ཨུ་ཡོན་ཞིག་ཡིན་ཕྱིན་ངེས་པར་དུ་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། བརྩེ་སེམས་ཟབ་མོ་འཆང་བ། རང་འགན་གཙང་སྒྲུབ་བཅས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་དགོས”ཞེས་གསུངས་པ་རེད།

སྨན་གྲོང་ནོར་བུ་སྲི་ཐར་ནི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ངོས་ནས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་དང་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ཏེ་བརྟག་ཞིབ་གཟིགས་ཞིབ་དང་། སློབ་སྦྱོང་རྟོག་ཞིབ། ཇུས་འབུལ་སྲིད་གླེང་བཅས་ཀྱི་གོ་སྐབས་ཚང་མར་གཅེས་སྤྲས་གནང་ཡོད། ཁོང་གིས་ཕུལ་བའི་གྲོས་གཞི་ཚང་མར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་པས། འགན་འཁྲི་སྒྲུབ་པའི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད། སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་པ་ནས་བཟུང་། ཁོང་གིས་སྔ་རྗེས་སུ《བོད་ཀྱི་ཐང་གའི་སྒྱུ་རྩལ་ནང་ཞུགས་ཚད་དང་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་དགོས་པའི་སྐོར་གྱི་གྲོས་གཞི》དང་། 《རྒྱལ་ཁབ་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུའི་སྐོར་གྱི་གྲོས་གཞི》《རྒྱལ་ཡོངས་ཀྱི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ནང་ཐང་གའི་རིགས་ཀྱི་མིང་ཐོ་འགོད་པའི་རྣམ་གྲངས་མང་དུ་གཏོང་དགོས་པའི་སྐོར་གྱི་གྲོས་གཞི》སོགས་སྤུས་ཚད་མཐོ་བའི་གྲོས་གཞི་མང་པོ་བཏོན་ནས། རང་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

2023ལོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་ཁག་19ཕུལ་ཡོད། དེའི་ནང་ཨུ་ཡོན་སྒྲོལ་དཀར་གྱིས་སྒེར་གྱི་མིང་ཐོག་ནས་གྲོས་གཞི་ཁག་གཉིས་བཏོན་པའི་ནང་གི་བསམ་འཆར་དང་གྲོས་འགོ་ཚང་མ་དང་ལེན་དང་དོན་འཁྱོལ་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་པའི་སྒྲོལ་དཀར་གྱིས་ལས་གནས་མང་པོའི་འགན་འཁུར་ཡང་ཚང་མ་ནན་ཏན་གྱིས་སྒྲུབ་པ་ལས་ལྷོད་གཡེང་གཏོང་གི་མེད། “ཁེ་ལས་གཉེར་སྐྱོང་བྱེད་རིང་བཅའ་ཁྲིམས་ཀྱི་གནད་དོན་ནི་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་དང་དོ་ཁུར་ཆེན་པོ་བྱེད་པའི་དོན་གནད་ཅིག་རེད། ངས་བརྟག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་གཞིར་བཟུང་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱས་མཐར‘ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ’དང‘ཁེ་ལས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་སྟེ་དམིགས་བསལ་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་དྲིལ་བསྒྲགས’སོགས་ཀྱི་གྲོས་འགོ་ཁག་གཅིག་གྲུབ་ཡོད། གྲོས་འགོ་དེ་དག་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་པ་མ་ཟད་ད་ཆ་རེ་རེ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད”ཅེས་སྒྲོལ་དཀར་གྱིས་གསུངས་པ་རེད།

གསར་འགོད་པས་ལས་དོན་སྙན་སྒྲོན་ཞིག་གི་ནང་ནས་མཐོང་གསལ། 2023ལོར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་སྣེ་འདྲེན་དུ་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་ཚོགས་འདུ་གཙོ་གནད་དུ་བྱེད་པ། གྲོས་གཞི་སྒྲུབ་གཉེར་གྲོས་མོལ་དང་། རིགས་ཁོངས་ཁག་གི་གྲོས་མོལ། ཁ་གཏད་གྲོས་མོལ་སོགས་རྒྱུན་རྣམ་དུ་བྱེད་པ་བཅས་ཀྱི་གྲོས་མོལ་སྲིད་གླེང་གི་རྣམ་པ་ཞིག་བཏོད་ནས། གྲོས་མོལ་སྤེལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་འདོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། ལོ་ཧྲིལ་པོར་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་1དང་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་6འཚོགས་པ་དང་། གྲོས་གཞི་སྒྲུབ་གཉེར་གྲོས་མོལ་དང་། རིགས་ཁོངས་ཁག་གི་གྲོས་མོལ། ཁ་གཏད་གྲོས་མོལ་བཅས་ཐེངས་55བྱས་པ། ཨུ་ཡོན་སྒྲིག་འཛུགས་ཀྱིས་རིགས་ཁོངས་དང་ཁྱབ་ཁོངས་ལས་བརྒལ་བའི་གྲོས་མོལ་ཐེངས་18བྱས་པ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བཞུགས་མོལ་ཐེངས་80ལྷག་ཙམ་བྱས་པ། གྲོང་ཁྱེར་དང་ས་གནས་དང་སྡེ་ཚན་གྱི་འགན་འཁུར་བ་དང་བཞུགས་མོལ་ཐེངས་38བྱས་པ། རིགས་གཅིག་མཁས་ཅན་དང་མཁས་དབང་དང་བགྲོ་གླེང་ཐེངས་22བྱས་ནས་བསམ་འཆར་དང་གྲོས་འགོ་1600ལྷག་ཙམ་བཏོན་པའི་ནང་། གྲོས་མོལ་གྲུབ་འབྲས་54ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་དང་ཁས་ལེན་ཐོབ་པ་དང་། ཞབས་ཞུའི་ཐབས་ཇུས་ལག་ལེན་བསྟར་བའི་ཕན་འབྲས་སྔར་བས་ཐོན་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་པ། གྲོས་མོལ་དམངས་གཙོའི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་བཅས་རེད། དེ་དང་ཆབས་ཅིག་གྲོས་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྲོས་གཞི་ཁག་328འབྱོར་བ་ལས་གྲོས་གཞི་ཁག་312ཐོ་འགོད་བྱས་པ། གྲོས་གཞིར་སྒྲུབ་ལན་འདེབས་ཚད100%ཟིན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་གྱི་ལམ་ལུགས་དོན་འཁྱོལ་བྱས་ནས“དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར”བྱས་ཡོད།

(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)