འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་2024ལོའི་གཙོ་གནད་ལས་ཀའི(འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི)སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གཏན་འཇགས་རྒྱུ་ནོར་མ་འཇོག་ལ་དམ་འཛིན་ལྷོད་མེད་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་དང་ས་ཁང་བདག་ཁོངས་ཀྱི་རྣམ་གྲངས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོར“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པར”བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་6གིས་ཟླ་གསུམ་པའི་ཟླ་མཇུག་ཏུ་མ་རྩ་འཇོག་མཁན་བྱེད་པོ་གཏན་འཁེལ་བྱེད་རྒྱུ་དང་། ཟླ་བཞི་པའི་ཟླ་མཇུག་ཏུ་ལས་འགོ་འཛུགས་པའི་ཆ་རྐྱེན་ཚང་མ་འཛོམས་པར་བྱ་རྒྱུ་རེད། ས་ཁང་བདག་དབང་གི་མ་རྩ་བསྡུ་རྒྱུག་ཐད། མིག་སྔར་ལྗོངས་ཡོངས་སུ་མ་རྩ་བསྡུ་རྒྱུག་བྱས་ནས་ས་ཁང་བདག་དབང་གི་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོའི“མིང་ཐོ་དཀར་པོ”ཁག་དང་པོ་གསེད་དཀྲོལ་དང་ཕྱོགས་བསྡུས་བྱས་ཡོད་ཅིང་། དེའི་ནང་རྣམ་གྲངས་24ཚུད་ཡོད་པ་དང་མ་རྩ་སྒོར་དུང་ཕྱུར་23ཙམ་བསྡུ་རྒྱུག་བྱས་པ་ཚང་མ་ཚོང་ལས་དངུལ་ཁང་ཁག་ལ་བཏང་བ་རེད། (བསོད་ནམས་དཔའ་མོས་བསྒྱུར། ཉི་དོན་གྱིས་ཞུས)