《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月06日

“ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཤེས་དཔལ་ལག་ལེན་བསྟར་བར་ང་ཡིས་བྱ་སྤྱོད་སྤེལ” ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་ལེ་ཧྥུང་ལ་སློབ་སྦྱོང་གི་དྲན་གསོའི་ཉིན་མོར། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་ལྷན་ཚོགས། ཀྲུང་གོ་དབང་སྐྱོན་ལྷན་ཚོགས། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཤེས་དཔལ་ལག་ལེན་བསྟར་བར་ང་ཡིས་བྱ་སྤྱོད་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་པེ་ཅིང་ཧྲོའུ་ཀང་རིག་གནས་ཁང་དུ་འཚོགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག 《ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཤེས་དཔལ་ལག་ལེན་བསྟར་བར་ང་ཡིས་བྱ་སྤྱོད་སྤེལ་བའི་གྲོས་འདོན་ཡི་གེ》ཡོངས་བསྒྲགས་བྱས་ཤིང་། ཚན་རིག་གི་རིགས་པའི་གཞུང་ལུགས་ང་ཡིས་ལག་ལེན་བསྟར་བ་དང་། མཛེས་སྡུག་ལྡན་པའི་འཚོ་བ་ང་ཡིས་གསར་གཏོད་བྱེད་པ། ཤེས་དཔལ་གྱི་སྲོལ་གསར་ང་ཡིས་དར་སྤེལ་གཏོང་བ། རིག་གནས་རྒྱུན་འཛིན་ལ་ང་ཡིས་རམ་འདེགས་བྱེད་པ་བཅས་ཕྱོགས་བཞི་ནས་མི་ཚང་མས་ཤེས་དཔལ་བྱ་སྤྱོད་སྤེལ་མཁན་གྱི་ལག་ལེན་པ་དང་ལེ་ཧྥུང་སྙིང་སྟོབས་ཀྱི་རྒྱུན་འཛིན་པ་བྱས་ཏེ། ལེགས་སྐྱེས་ལ་བརྟེན་ནས་བརྩེ་བ་ཟབ་མོ་མཚོན་པ་དང་བྱ་སྤྱོད་ལ་བརྟེན་ནས་ཤེས་དཔལ་ལག་ལེན་བསྟར་རྒྱུའི་གྲོས་འགོ་བཏོན་པ་རེད།

བྱེད་སྒོ་སྤེལ་འགོ་ཚུགས་པའི་ཉིན་དེར། ས་གནས་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་དུས་གཅིག་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ལེ་ཧྥུང་ལ་སློབ་སྦྱོང་དང་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ས་ཡུལ་དངོས་ནས་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་བསྡུས་པ། རིག་གནས་དམངས་ཕན་དང་། ཚན་རྩལ་དམངས་ཆེད། བདེ་ཐང་འོས་འགན་སྨན་བཅོས་སོགས་ཀྱི་ཤེས་དཔལ་ལག་ལེན་གྱི་ཞབས་འདེགས་བྱེད་སྒོ་སྤེལ་ཏེ། ཚོགས་ར་གཙོ་བོ་དང་གཅིག་རམ་གཅིག་འདེགས་བྱས་ནས་ཚང་མས་ཤེས་དཔལ་ལག་ལེན་ནང་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)