ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་ཉིན་གུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ལོའུ་ཆིན་ཅན་གྱིས་ཚོགས་འདུའི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
ལོའུ་ཆིན་ཅན་གྱིས། ཐེངས་འདིའི་ཚོགས་ཆེན་ཚེས་5ཉིན་གྱི་སྔ་དྲོར་འགོ་ཚུགས་ནས་ཚེས་11ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་དང་ཚོགས་ཡུན་ཉིན་7རེད། ཚོགས་ཆེན་གྱི་གྲོས་རིམ་ནང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་སྙན་སྒྲོན་ཁག་6ལ་གྲོས་ཞིབ་བྱ་རྒྱུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་བཅས་དོན་ཚན་ཁག་7ཚུད་ཡོད་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་བསྒྲུབས་ཟིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་བཅས་རེད། ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་སྒྲུབ་བྱས་ནས། ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་རྒྱུ་ཡིན་པ་རེད།
ལོའུ་ཆིན་ཅན་གྱིས། ཚོགས་འདུའི་རིང་གསར་འགོད་པའི་ཚོགས་འདུ་ཐེངས་གསུམ་འཚོག་རྒྱུ་མ་ཟད“འཐུས་མིའི་བགྲོད་ལམ”དང“པུའུ་ཀྲང་བགྲོད་ལམ”ཡང་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་བཅར་འདྲི་གཙོ་བོ་ས་གནས་ས་ཐོག་ནས་བྱ་རྒྱུ་ཡིན་ལ་བརྙན་ལམ་དང་ཡིག་ཐོག་སོགས་བཅར་འདྲི་བྱེད་སྟངས་མང་པོ་ཡང་ཕྱོགས་བསྡུས་སྤྱོད་རྒྱུ་ཡིན། ཚོགས་འདུའི་ཐོག་ད་དུང་འཐུས་མིས་བཅར་འདྲི་དང་ལེན་ཧུར་ཐག་གནང་ནས་དྲ་དམངས་དང་མཉམ་འགུལ་བྱེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། དམ་ཆོས་དང་ཟླ་ཕུར་གྱིས་ཞུས)