ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་ཀྱི་རྐང་རྗེས་ལ་ཕྱིར་མིག་ལྟ། མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་བརྒྱུད་སྤྲོད་བྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད། མི་རིགས་བསྐྱར་དར་གྱི་བརྩེ་སེམས་ཟབ་མོ་འཆང་བ་ལ་སོགས། ཟླ་གསུམ་པའི་རྒྱལ་ས་པེ་ཅིང་དུ་གསོན་ཤུགས་ཀྱིས་ཁེངས་ཤིང་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོ་དཔྱིད་དུས་ཀྱི་ཚོགས་འདུ་གཟབ་རྒྱས་ལ་ལྷན་དུ་ཞུགས།
ཉེ་ཆར་འཐུས་མི་དང་ཨུ་ཡོན་མང་པོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དང་སྤེལ་རེས་གནང་ནས་ཁོང་ཚོའི་འགན་སྒྲུབ་ཀྱི་གཏམ་རྒྱུད་དང་ཁོང་ཚོའི་ཐུན་མོང་གི་སེམས་གཏིང་གི་སྐད་ཆ་བརྗོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོས་ང་ཚོ་མདུན་དུ་སྐྱོད་པར་སྐུལ་ལྕག་གནང་བྱུང་།
པེ་ཅིང་དུ་ཚོགས་འདུར་མ་ཕེབས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས་མོན་པ་རིགས་ཀྱི་གྱོན་ཆས་རང་ཉིད་ཀྱི་ལྟོ་ཕད་ནང་བླུགས་པ་དང་ཤིང་ཏོག་དང་ཇ་ལོ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཟོག་བསྣམས་ཡོད།
“མི་དེ་བས་མང་བས་ང་ཚོའི་མཛེས་སྡུག་ལྡན་པའི་ཕ་ཡུལ་ལ་རྒྱུས་མངའ་ལོན་པ་བྱེད་ཀྱི་ཡིན”2013ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་དང་སྤེལ་རེས་གནང་རིང“ད་ཆ་མེ་ཏོག་གི་གཞུང་ལམ་ཤར་གཏོང་ཐུབ་ཡོད་མེད”བཀའ་འདྲི་གནང་བ་དེ་ནོར་བུ་གཡང་འཛོམས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།
“འདི་ལོ་ངས་སྤྱི་ཁྱབ་ཧྲུའུ་ཅིར་ལམ་གསར་པ་ཞིག་མགྱོགས་མྱུར་བསྐྲུན་ཚར་གྲབས་ཡོད་པའི་སྐོར་སྙན་སེང་ཞུ་འདོད་འདུག”ཅེས་ནོར་བུ་གཡང་འཛོམས་ཀྱིས་གསུངས།
“སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲངས་ནས་འཚོ་བ་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱི་ཡིན”
ནོར་བུ་གཡང་འཛོམས་ཀྱི་སྐད་ཆ་ལས་མི་དམངས་དུང་ཕྱུར་མང་པོའི་སེམས་གཏིང་གི་སྐད་ཆ་མཚོན་པ་དང་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དུས་རབས་གསར་པའི་དཔྱིད་རླུང་ཁྲོད་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས“ཕྱིས་འབྱུང་གྲོང་རྡལ་ཅན་དུ་འགྱུར་ཚད་70%ཙམ་ཟིན་ནའང་རྒྱལ་ཡོངས་སུ་སྔར་བཞིན་མི་དུང་ཕྱུར་4ལྷག་ཙམ་གྲོང་གསེབ་ཏུ་འཚོ་བ་སྐྱེལ་བཞིན་ཡོད། ས་ཆ་ཡག་པོར་མི་སྡོད་མཁན་དགོས། གལ་སྲིད་མི་མེད་པ་དང་། གྲོང་ཚོ་སྟོང་པ་ཆགས་པ། ས་ཆ་བེད་མེད་དུ་འགྱུར་བ་ཡིན་ན་གྲོང་གསེབ་དར་རྒྱས་ཟེར་བ་སྟོང་བཤད་རང་རེད”ཅེས་ཐུགས་སྣང་ཟབ་མོའི་སྒོ་ནས་གསུངས།
“སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁྲལ་གནང་ས་ནི་ང་ཚོ་གྲོང་གསེབ་ལ་འཕྲད་པའི་གནད་དོན་ཆེ་ཤོས་དེ་རེད། ཁོང་ནི་ཡུལ་མི་སྤུན་མཆེད་ཚོའི་འབྱུང་འགྱུར་གྱི་ཇུས་འགོད་པ་ངོ་མ་རེད”ཅེས་ཝང་དབྱིན་ཤང་གིས་བརྗོད།
སྐབས་དེའི་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་ཇུས་འགོད་ཁ་གསལ་གནང་བའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་རིས་ལ་གཞིགས་ནས་ཝང་དབྱིན་ཤང་གིས་ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་གྲོང་ཚོར་འཕེལ་རྒྱས་ཆེན་པོ་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས‘དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་ངོ་མཚར་ཆེ་བའི་མི་ཚེའི་ལམ་བུ་གཏོད་དགོས’ཞེས་གསུངས་བྱུང་། 2020ལོའི་ཟླ་9ཚེས་17ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་རང་ཉིད་ཀྱི་ཁ་སྤྲོད་དུ་བཞུགས་ཡོད་པས་ཙུའོ་པིན་ཧ་ཅང་དགའ་པོ་བྱུང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐབས་གཉིས་གནང་མྱོང་བའི་ཙུའོ་པིན་གྱིས་ཞིང་པ་ལས་མི་ཚོར་སྙིང་གཏམ་བརྗོད་པ་སྟེ། “རང་ཉིད་ཀྱིས་འབད་བརྩོན་བྱས་ན་རྒྱལ་ཁབ་ཆེན་པོའི་བཟོ་བོར་འགྱུར་ངེས་རེད”