འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཚེས་1ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཆེད་དོན་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། “1+3”གྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཡིག་ཆ་དོན་འཁྱོལ་བྱས་ཚུལ་དང་ལྷག་པར་དུ་རིན་མེད་སྒྱུར་བཅོས་དང་གཉེར་སྐྱོང་བཟང་འཕེལ་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་དུས་མཚམས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ཡོད། དེས་ན་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྲིད་གཞུང་གི་གཞུང་རྒྱུ་ཨུ་ལྷན། འབྲེལ་ཡོད་སྡེ་ཚན། གཞུང་ཁོངས་ཁེ་ལས་ཁག་བཅས་ཀྱིས་བསམ་བློ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་སྤྱིའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། ལས་འགན་གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། དུས་ཚོད་དང་མཚམས་ཚིགས་ལ་དམ་འཛིན་གྱིས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྟོབས་ཆེར་གཏོང་བ་དང་ལེགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།