འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་བརྙན་ལམ་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་གསན་པ་མ་ཟད། ལྷ་ས་དང་། ལྷོ་ཁ། ཆབ་མདོ། མངའ་རིས་སོགས་ས་ཁུལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་། སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་ཤང་དང་གྲོང་རྡལ་མངགས་གཏོང་ཁང་གི་ལས་རེས་མི་སྣ་ལས་གནས་ཐོག་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་སྐབས་བསྟུན་བརྟག་ཞིབ་གནང་བ་དང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་རང་འགན་གཙང་སྒྲུབ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་ཁུར་ནས་མང་ཚོགས་ལ་དུས་བདེ་དང་བདེ་སྐྱིད་ཡོང་གང་ཐུབ་བྱས་ཏེ། ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཡག་པོ་འཛུགས་པར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད། ཚང་མས་ཉམས་མྱོང་ལ་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་དང་ལས་ཀ་ཚང་མར་དམ་འཛིན་ནན་པོ་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་བཅངས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཉེན་བརྡ་རྒྱུན་སྒྲོག་དང་། རྒྱུན་དུ་དོགས་ཟོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་གསབ་པ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལས་ཀའི་ཆུ་ཚད་མཐོར་གཏོང་བཅས་བྱས་ནས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ཏེ་བརྟན་ལྷིང་གི་བླང་བྱ་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་སྟེ་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅངས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ཅན་དང་གཞི་རིམ་དུ་སྒྲུབ་པ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ། འབྱུང་རྩ་ནས་སྔོན་འགོག ཉེན་ཁ་གྲལ་བཤེར། དོ་དམ་དང་ཚོད་འཛིན་ནན་པོ། གནས་ཚུལ་སྔོན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་པ་ནས་མེད་པར་བཟོས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་། ལས་ཀ་བྱེད་སྟངས་ལེགས་བཅོས། ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་ཀ་ཏན་ཏིག་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བར་བརྩེ་སེམས་ཟབ་མོ་འཆང་བ། མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་པར་བསམ་བློ་མང་ཙམ་གཏོང་བ། མང་ཚོགས་སྒྲིག་འཛུགས་དང་གོང་བུ་འགྲིལ་བར་ནུས་ཤུགས་མང་ཙམ་འདོན་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལམ་འགྲིམ་འགྲུལ་དང་། ཨར་སྐྲུན་བྱ་ཡུལ། གྲོང་ཁྱེར་འཁོར་སྐྱོད། མི་ཚོགས་འདུ་འཛོམས་ཆེ་ས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གཙོ་གནད་ལས་རིགས་ལ་དམ་པོར་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྟངས་འཛིན་བྱེད་པ། དམིགས་ས་ཡོད་པའི་བྱ་ཐབས་སྤྱོད་པ། རང་འགུལ་ངང་གནོད་འཚེ་སྔོན་འགོག་གི་ལས་དོན་ཡག་པོ་ཧུར་ཐག་སྒྲུབ་པ། གནོད་འཚེའི་འཕེལ་ཕྱོགས་ལ་གྲོས་མོལ་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཆ་འཕྲིན་འབྲེལ་གཏུག་གི་ཐབས་ལམ་སྣ་ཚོགས་ཐོགས་པ་མེད་པ་བཅས་བྱས་ནས་གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གང་མགྱོགས་བཏང་ནས་དངོས་འཐབ་དངོས་ཕན་གྱི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་བཏང་ནས་ཚན་རྩལ་ཆ་འཕྲིན་ཅན་གྱི་ནུས་ལྡན་མཚོན་ཆ་དེ་ཡག་པོ་བཟོ་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཉེན་རྟོག་པའི་ལས་ཀའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གནད་སྨིན་ཅན་དང་དམངས་འཚོའི་ཞབས་ཞུ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཝང་ཅུན་ཀྲེང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ནན་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། འདེམས་སྒྲུག བཀོལ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་རུང་བ་དང་། བློས་འགེལ་ཆོག་པ། བློ་བདེ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བཅས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་བ་ཚེ་རིང་དང་། ཀྲང་ཧུང་པོ། པད་མ་དབང་འདུས་བཅས་ལྷན་དུ་ཕེབས་ཡོད་པ་རེད།