འབྲི་རུ་རྫོང་རག་ཟག་གྲོང་ཚོ་ནི་བོད་ལྗོངས་ནག་ཆུའི་ས་མཐོར་གནས་པ་དང་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་ཡོད། དེ་གར་གངས་བབས་ཚེ་བཞུར་མི་ཐུབ་པས་དགུན་ཁ་ཧྲིལ་པོ་གྲོང་ཚོ་དེར་གངས་གསོག་ཐེབས་ཀྱི་ཡོད།
དཔྱིད་གསར་དུས་ཆེན་གོང་གི་ཉིན་ཞིག་གློག་ཤུགས་བཟོ་སྐྲུན་གྱི་རླངས་འཁོར་སེར་པོ་ཞིག་ཀྱག་ཀྱོག་གི་ཆུ་རགས་བརྒྱུད་དེ་གར་ཡོང་བས་ཁུ་སིམ་པའི་གྲོང་ཚོ་ཆུང་ཆུང་དེ་འཁྲུག་ཆ་དོད་དུ་ཕྱིན། རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཧྲའོ་ཤིང་གློག་འདོན་ཀུང་སིའི་བོད་སྐྱོར་ལས་བྱེད་པ་ལིའུ་ཀོང་ཧུའེ་དང་བཅས་པ་དེ་གར་ཡོང་ནས“འབྲི་གཡག་གི་སྒལ་ཐོག་གློག་ཁང”རིམ་སྤོར་གསར་བརྗེས་བྱས་ཏེ་གྲོང་མི་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་རྒྱུ་ཡོང་བར་བྱས་ཡོད།
ལོ་དེ་དག་ནང་སྲིད་གཞུང་གིས་མཐའ་མཚམས་ཀྱི་གློག་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། སྲོལ་རྒྱུན་གྱི་གློག་དྲ་ཆེ་མོ་ལྟེ་བའི་གྲོང་ཚོའི་རིམ་པ་དང་པོར་ཁྱབ་ཡོད། འོན་ཀྱང་ལོ་གཅིག་གི་དུས་མཚམས་མི་འདྲ་བའི་ནང་འབྲོག་པ་ཚོ་གནམ་གཤིས་དང་རྩྭ་ཐང་གི་གནས་ཚུལ་ལ་གཞིགས་ནས་སྟབས་བདེའི་སྦྲ་གུར་འཁྱེར་བ་དང་འབྲི་གཡག་དེད་དེ་འབྲོག་ར་མི་འདྲ་བར་སྐྱས་སྤོ་དགོས་པས་རྒྱུན་གཏན་གྱི་གློག་འཁྲིད་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད། རག་ཟག་གྲོང་ཚོའང་དེ་ལྟར་རེད།
གནད་དོན་དེ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཧྲའོ་ཤིང་གློག་འདོན་ཀུང་སིའི་བོད་སྐྱོར་ཚོགས་པས་2022ལོ་ནས་བཟུང“འབྲི་གཡག་གི་སྒལ་ཐོག་གློག་ཁང”གི་སྤྱི་ཕན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) “འབྲི་གཡག་གི་སྒལ་ཐོག་གློག་ཁང”ཞེས་པ་ནི་སྒུལ་བདེའི་རྣམ་པའི་འོད་ཤུགས་གློག་ཁུངས་ཤིག་ཡིན་པ་དང་བོད་ཀྱི་གནམ་གཤིས་དང་ས་བབ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་གནས་གཏན་འཁེལ་གྱིས་ས་མཐོའི་གནམ་གཤིས་ཀྱི་འོད་ཤུགས་གློག་གཏོང་སྒྲིག་ཆས་དང་དེ་བཞིན་ནུས་གསོག་གློག་རྫས་གསར་སྤེལ་བྱས་སྟབས་སྒྲོམ་སྐྱོར་མི་དགོས་པར་ཐད་ཀར་འབྲི་གཡག་གི་རྒྱབ་ཏུ་བསྡམས་ཆོག་གི་ཡོད།
དེ་རིང་ལིའུ་ཀོང་ཧུའེ་དང་བཅས་པ་དང་ཐོག་གྲོང་མི་ཚེ་བཟང་ལྷ་མོའི་ཁྱིམ་དུ་ཡོང་། ཚེ་བཟང་ལྷ་མོ་སློབ་ཆུང་འགྲིམ་མུས་ཡིན། “འབྲི་གཡག་གི་སྒལ་ཐོག་གློག་ཁང”གི་རྣམ་གྲངས་ལག་ལེན་བསྟར་རིང་རྒྱ་སྐད་ཤེས་པའི་བོད་རིགས་ཀྱི་སྣེ་ཤན་པ་ཞིག་དགོས་པས་རྒྱ་སྐད་ལ་བྱང་པའི་བུ་མོ་ཚེ་བཟང་ལྷ་མོ་རྣམ་གྲངས་པུའུ་ཡི་སྐད་སྒྱུར་བར་གྱུར་ཡོད།
ལིའུ་ཀོང་ཧུའེ་དང་བཅས་པས་ཚེ་བཟང་ལྷ་མོའི་ཁྱིམ་ལ་འཁྱེར་བདེའི་འོད་ཤུགས་གློག་ཁུངས་ལྟེབ་མ་ཤིག་བརྗེས། “མགྱོགས་པོ་གློག་གསལ་ལོས་ལྟ་བར་ཤོག་དང”ཞེས་ལིའུ་ཀོང་ཧུའེ་ཡིས་རིག་ནུས་གློག་སྒྲོན་སྒྲིག་སྦྱོར་བྱེད་ཀྱིན་ཚེ་བཟང་ལྷ་མོ་སྐད་བཏང་། ཁོང་གིས“རྗེས་སུ་སྦྱོང་ཚན་འབྲི་སྐབས་གློག་སྒྲོན་དེ་སྤྱོད་ཆོག དེས་ཁྱེད་ཀྱི་མིག་ལ་སྲུང་སྐྱོང་བྱེད་ཐུབ”ཅེས་བཤད།
ལིའུ་ཀོང་ཧུའེ་དང་རོགས་པ་ཚོས་གུར་ནང་གི་ཤེལ་ཏོག་ཚང་མ་ནུས་རྒྱུ་གྲོན་ཆུང་གི་ཤེལ་ཏོག་ལ་བརྗེས་པ་དང་གློག་གདན་གྲུ་བཞི་ནར་མོ་ཞིག་བཏིང་།
“ཨ་ཁུ་ལགས། འདི་གང་ཞིག་རེད་དམ”ཞེས་ཚེ་བཟང་ལྷ་མོས་ཡ་མཚན་ངང་དྲིས་སྐབས། ལིའུ་ཀོང་ཧུའེ་ཡིས“དེ་སྔོན་ཁྱེད་ཚོའི་ནང་མི་ཚང་མ་མཉམ་དུ་རུབ་རུབ་བྱས་ནས་དྲོད་ཁུག་ཐབས་བྱེད་པ་མཐོང་སྐབས་སྒོ་རྩིས་ཚོང་ཁང་ནས་གློག་གདན་ཆེན་པོ་ཞིག་ཉོས་པ་ཡིན། ཚོད་ལྟ་གྱིས་དང་དངོས་གནས་དྲོ་པོ་འདུག”ཅེས་བཤད།
ས་རུབ་ཁར་གློག་ཤུགས་ལས་གྲྭའི་རླངས་འཁོར་རག་ཟག་གྲོང་ཚོ་ནས་ཁ་བྲལ་ཞིང་། ཚེ་བཟང་ལྷ་མོའི་ཁྱིམ་གྱི་གུར་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས།
(《འོད་གསལ་ཉིན་རེའི་ཚགས་པར》གྱི་2024ལོའི་ཟླ་2ཚེས་21ཉིན་གྱི་པར་ངོས་དང་པོ་ནས་བདམས)
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)