《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月03日

2024ལོའི་དཔྱིད་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ། ཚའེ་ཆི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་དཔྱིད་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་3ཚེས་1ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་མཁན་གྱི་སྟོབས་ཤུགས་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་ཞིག་རེད། རྒྱང་ལམ་གསར་པར་ན་གཞོན་ལས་བྱེད་པའི་ཕྲག་ཐོག་གི་འགན་འཁྲི་ལྕི་བ་དང་མདུན་ལམ་ཆེན་པོ་ཡོད་པས། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་སྙིང་རུས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་རྒྱུན་ཡག་པོ་སྐྱོང་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བསམ་སྦྱོར་གཉིས་བརྩོན་པ་ཞིག་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་བཀོལ་སྤྱོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རང་རྟོགས་ངང་ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་ཟོལ་མེད་ཀྱི་དཔེ་བཟང་ལག་ལེན་པ་ཞིག་བྱས་ཏེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བར་ཤུགས་རྒྱག་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་ཞིག་བྱེད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། རང་རྟོགས་ངང་དམངས་ལ་བདེ་སྐྱིད་སྐྲུན་པར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་ཞིག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་རྟོགས་ངང་ཐེག་པ་འཁུར་ལེན་བྱེད་མཁན་གྱི་འབད་འཐབ་པ་ཞིག་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གསར་གཏོད་དང་། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། ཁུར་པོ་ལྕི་ཤོས་འཁུར་འདོད་པ་དང་། དཀའ་ཚེགས་ཆེ་ཤོས་ཀྱི་ལས་ཀ་སྒྲུབ་པ། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་བྱས་ཏེ་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་དཀའ་གནད་སེལ་རིང་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། རང་རྟོགས་ངང་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོར་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐའ་གཅིག་ཏུ་དར་སྤེལ་གཏོང་བ་དང་། གྲོན་ཆུང་བབ་ཆགས་དང་ཁེངས་སྐྱུང་ལྡན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཤུལ་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་དོ་དམ་གྱི་ལྟ་སྐུལ་ནན་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་ཟམ་མི་ཆད་པར་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚའེ་ཆི་ཡིས་གསུང་བཤད་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཟིགས་རྒྱང་རིང་བ་དང་དགོངས་པ་གཏིང་ཟབ་ལ། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས། ན་གཞོན་ལས་བྱེད་པས་རྒྱང་ལམ་གསར་པར་འབད་འབུངས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་བྱེད་པའི་བསམ་བློའི་སྐུལ་སློང་ཞིག་དང་། ན་གཞོན་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག ན་གཞོན་ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཞིག་བཅས་རེད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

ཚའེ་ཆི་ཡིས་ན་གཞོན་ལས་བྱེད་པར་རེ་བ་དང་བླང་བྱ་བཏོན་གནང་བ་སྟེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྱིམ་སྐྱོང་གི་ནུས་རྩལ་ཆེ་ཤོས་ཁོང་དུ་ཆུད་པར་བྱེད་པའི་ཆེས་རྩ་བ་དང་ཆེས་ཁ་ཚ་དགོས་གཏུགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་དགོངས་པ་གལ་ཆེན་དེའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་ལས་འགན་གྱིས་ལས་འགན་དུ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བློ་རྒྱ་ཡངས་པོ་དང་ཁ་ཞེ་གཉིས་མེད་བྱེད་དགོས། དམངས་ཆེད་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། སེམས་ཐག་གཙང་བཅད་ཀྱིས་དམངས་ལ་བདེ་སྐྱིད་སྐྲུན་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། རང་རྟོགས་ངང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་སུ་བརྩི་བ། ལུས་ཚུགས་པ་དང་འཐབ་ཕྱོགས་དང་པོར་སྐྱོད་པ་བཅས་བྱས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། ལས་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ་དང་ཐེག་པ་འཁུར་ལེན་ཧུར་ཐག་བྱེད་ཕོད་པ་དང་། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་དང་འགག་སྒྲོལ་དཀའ་སེལ། འཐབ་རྩོད་བྱེད་ཕོད་པ་དང་ཉེན་ཁ་འགོག་ཟོན། དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་ཕན་འབྲས་དངོས་དོན་གཉེར་བཅས་བྱེད་དགོས། སྒྲིག་ཁྲིམས་སྒྲིག་ལམ་ནན་པོར་སྲུང་པ་དང་། གཞུང་དྲང་སྤྱོད་གཙང་གི་རང་གཤིས་ནམ་ཡང་རྒྱུན་འཁྱོངས། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྩ་བ་དམ་པོར་འཛིན་པ། རང་སྐྱོན་རང་ཞིབ་ཀྱི་རང་རྟོགས་དང་། ཆེས་གཟབ་ནན་གྱི་ལས་ཀའི་རྣམ་འགྱུར། དོ་དམ་དང་བཅོས་སྐྱོང་ནན་པོའི་འགན་འཁྲི་བཅས་རྒྱུན་འཁྱོངས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་གཏོད་དགོས། ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དུས་རབས་ཀྱི་ལས་འགན་ལྕི་པོ་སེམས་ལ་འཆང་བ་དང་ཕྲག་ཏུ་འཁུར་བ་དང་། ཏང་དང་རྒྱལ་ཁབ་ལ་དྲིན་གཟོ་བ་དང་དམངས་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

ལི་ཀན་ཅེ་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཅང་ཤིན་ཀྲི་དང་ཁྲེན་ཤིས་ཞུགས་ཡོད་པ་རེད།

2024ལོའི་དཔྱིད་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་བ་རེད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)