《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月01日

སྨན་གླིང་གྲོང་ཁྱེར་གྱིས།

འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སྨན་གླིང་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“གང་དུ་འདེབས་པ་དང་། ཇི་ལྟར་འདེབས་པ། སུས་འདེབས་པ”བཅས་ཀྱི་འགག་རྩའི་གནད་དོན་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ“ལྟོ་ཕོར”ནང་ཟ་འབྲུ་སྔར་བས་འབེལ་པོ་དང་ལྟོ་ཕོར་སྔར་བས་བརྟན་པོ་ཡོང་བར་བྱས་ཡོད། 2023ལོར་སྨན་གླིང་གྲོང་ཁྱེར་གྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་6.02ཟིན་པ་དང་། འབྲུ་རིགས་ཀྱི་སྟོན་བསྡུའི་རྒྱ་ཁྱོན་མུའུ་ཁྲི་4.84ཟིན་པ། ཐོན་འབབ་ཏུན་ཁྲི་1.035ཟིན་ནས“ཞིང་བརྟེན་འབྲུ་གསོག་དང་། རྩལ་བརྟེན་འབྲུ་གསོག དམངས་བརྟེན་འབྲུ་གསོག”བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས་ཡོད།

“ཞིང་བརྟེན་འབྲུ་གསོག”བྱས་ནས“གང་དུ་འདེབས་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཤིང་། སྨན་གླིང་གྲོང་ཁྱེར་གྱིས“དཔྱིད་འདེབས་གོང་དང་སྟོན་བསྡུའི་རྗེས་ཀྱི”ཞིང་ཁ་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱས་ནས་རྨོ་ཞིང་ཐོན་ཁུངས་ཀྱི་གྲངས་འབོར་དང་། སྤུས་ཚད། བར་མཐོངས་སོགས་ཀྱི་ཕྱོགས་མང་གཏོགས་ཁོངས་ལ་སྤྱི་འདོམས་བསམ་གཞིག་དང་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་བསྲུངས་ནས་རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ཞིང་ཁ་ཞིབ་དཔྱད་ཐག་གཅོད་དང་། བཟུང་གསབ་དོ་སྙོམས། འགྲོ་འོང་དོ་སྙོམས། ས་ཆ་གཞན་དུ་ཁ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་རྨོ་ཞིང་མུའུ་1648ཁ་གསབ་བྱས་པས་རྨོ་ཞིང་སྲུང་སྐྱོང་དམིགས་ཚད་ཁ་གསབ་རྒྱ་ཁྱོན་གྱི་158.35%ལེགས་སྒྲུབ་བྱས་ཡོད།

“རྩལ་བརྟེན་འབྲུ་གསོག”བྱས་ནས“ཇི་ལྟར་འདེབས་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཤིང་། སྨན་གླིང་གྲོང་ཁྱེར་གྱིས་སོན་ཡག་པོ་དང་། ཐབས་ཤེས་ཡག་པོ། ཞིང་ཁ་ཡག་པོ། གོ་སྐབས་ཡག་པོ། ལམ་ལུགས་ཡག་པོ་བཅས“ཡག་པོ་ལྔའི”ཕྱོགས་བསྡུས་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ཁྱབ་གདལ་བཏང་སྟེ་མུའུ་རེའི་ཐོན་འབབ་མང་དུ་གཏོང་བ་དང་སྤྱིའི་ཐོན་འབབ་མཐོ་རུ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་ས་ཞིང་གཅིག་མཚུངས་ནས་འབྲུ་རིགས་དེ་བས་མང་བ་ཐོན་ཐུབ་པ་བྱས་ཏེ་མི་སེར་གྱི་ཟ་འབྲུར་འགན་ལེན་ནུས་ལྡན་བྱས་ཡོད།

“དམངས་བརྟེན་འབྲུ་གསོག”བྱས་ནས“སུས་འདེབས་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཤིང་། སྨན་གླིང་གྲོང་ཁྱེར་གྱིས“གྲོང་ཚོ་རེར་ཐབས་ཇུས་རེ”མཛུབ་ཁྲིད་དུ་བྱས་ནས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བ་བྱ་རྒྱུ་དམིགས་ཚད་དུ་བྱས་པ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས“གཱ་གཅིག་ཀུན་འཐུས”ཀྱི་བྱེད་སྟངས་བརྒྱུད། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་སྒོར་ཁྲི་253ལྷག་ཙམ་དང་། སོན་བཟང་གི་ཁ་གསབ་སྒོར་ཁྲི་23ལྷག་ཙམ། ཞིང་སྨན་ཉོ་སྒྲུབ་ཀྱི་ཁ་གསབ་སྒོར་ཁྲི་11ལྷག་ཙམ། རྫས་ལུད་ཀྱི་ཁ་གསབ་སྒོར་ཁྲི་2.4ལྷག་ཙམ། ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ་སྒོར་ཁྲི་83.4བཅས་སྤྲད་ནས་ཞིང་པའི་ས་ཞིང་དང་འབྲུ་རིགས་འདེབས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཡོད།