འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གསང་སྤྱོད་ཆུང་ཆུང་ཞིག་གི་སྣེ་གཅིག་དམངས་འཚོ་དང་སྣེ་གཅིག་ཤེས་དཔལ་དང་སྦྲེལ་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཀྱིས་སེམས་ཁྲལ་དང་སུན་སྣང་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་སྐོར་གསང་སྤྱོད་བེད་མེད་དུ་ལུས་པའི་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་བྱས་པ་དང་གྲོང་ཁྱེར་གྱི་ཤེས་དཔལ་གཟུགས་བརྙན་བཏོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་བཀྲག་མདངས་བསྣན་ཡོད།
ཕྱོགས་གསུམ་པའི་གཉེར་སྐྱོང་དོ་དམ་དང་གཏོགས་ཁོངས་དོ་དམ་སོགས་རིགས་མི་འདྲ་བ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ། མཐོ་གྲང་། གཙང་པོའི་རྒྱུད་སོགས་ས་ཁོངས་མི་འདྲ་བར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་མི་འགྲུལ་མང་བ་དང་གསང་སྤྱོད་ཀྱི་སྒྲིག་ཆས་སྒྲིག་བཀོད་ཀྱི་གནས་ཚུལ་ལ་གཞིགས་ནས་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་སྟེ་བདག་སྐྱོང་ལ་ཤུགས་སྣོན་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་སྟབས་བདེ་བསྐྲུན་ཡོད། མིག་སྔའི་བར་ཡུལ་སྐོར་གསང་སྤྱོད་92རྒྱུན་གཏན་ལྟར་སྒོ་ཕྱེ་བ་དང་ས་བབ་མཐོ་བའི་ཡུལ་སྐོར་གསང་སྤྱོད་1ལ་ཆུ་གློག་ཁྲིད་པའི་ལས་གྲྭ་ལག་ལེན་བསྟར་བཞིན་ཡོད་པ་རེད།
གཞན་ཡང་ཡུལ་སྐོར་གསང་སྤྱོད་བཀོད་སྒྲིག་ལུགས་མཐུན་བྱས་ཤིང་། ཡུལ་སྐོར་ཐོན་ཁུངས་གཙོ་བོ་གསར་སྤེལ་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་G219ལམ་རྒྱུད་དུ་ཡུལ་སྐོར་གསང་སྤྱོད་6གསར་དུ་བརྒྱབ་ནས་ཡུལ་སྐོར་བ་དང་འགྲུལ་པའི་དགོས་མཁོ་སྔར་བས་ལེགས་པར་བསྐངས་ཡོད།
གྲོང་ཁྱེར་ཡོངས་ཀྱིས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཡུལ་སྐོར་གསང་སྤྱོད་ཀྱི“མི་དང་། ལས་གནས། འགན་འཁྲི་བཅས་གཏན་འཁེལ”གྱི་ཕུགས་ཕན་དོ་དམ་ལམ་སྲོལ་དོན་འཁྱོལ་གྱིས་གཙང་སྦྲ་བ་ལེགས་སྒྲིག་བྱེད་པ་དང་། ཡུལ་སྐོར་གསང་སྤྱོད་ཀྱི་མཚོན་རྟགས་འཛུགས་པ། བདག་སྐྱོང་འགན་ཁུར་བ་དང་། འབྲེལ་གཏུགས་བྱེད་སྟངས། ཞུ་སྦྱོར་ཁ་པར་ཨང་གྲངས་བཅས་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད། ཡུལ་སྐོར་གསང་སྤྱོད་ཀྱི་གནས་ཡུལ་དྲ་ཐོག་ས་བཀྲའི་ནང་འགོད་པའི་ལས་དོན་མགྱོགས་མྱུར་སྤེལ་ཏེ། དྲ་ཐོག་ས་བཀྲ་ནས་ཡུལ་སྐོར་གསང་སྤྱོད་90ཡི་གནས་ཡུལ་འཚོལ་ཐུབ་པར་བྱས་པས། གསང་སྤྱོད་རྙེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ཡོད། ནན་པོ་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། དག་ཐེར་བརྡ་ཐོ་དུས་ཐེངས་5བཏང་ནས་དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་པ་དང་དུས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་བྱས་ཏེ་ཡུལ་སྐོར་གསང་སྤྱོད་གཙང་ཞིང་། སྤྱོད་གོ་ཆོད་ལ་རིན་མི་དགོས་པ་དང་། དོ་དམ་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད།