ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཟམ་མི་ཆད་པར་མཛེས་སུ་ཕྱིན་པ། སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་བཅས་བྱུང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།
མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནི་ས་བབ་མཐོ་ཚད་སྨི་4800ཟིན་པའི་ཁུལ་དུ་གནས་པ་དང་། གནམ་གཤིས་དང་ས་ཁམས་ཀྱི་ཆ་རྐྱེན་ཞན་པས་ཆུ་ལེན་པ་དང་བཙོག་ཆུ་འབུད་དཀའ་བའི་གནད་དོན་ནི་མཚོ་ཆེན་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་གནད་ཅིག་ཡིན།
2023ལོར་མངའ་རིས་ས་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་མཚོ་ཆེན་གྱི་ཆུ་མཁོ་འདོན་དང་བཙོག་ཆུ་འབུད་པའི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་འབྲེལ། མ་དངུལ་སྒོར་ཁྲི་6170བཏང་ནས་རྣམ་གྲངས་དེ་2023ལོའི་ཟླ་11ཚེས་3ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། གསར་འགོད་པ་མཚོ་ཆེན་རྫོང་དྲ་འཕྲིན་གཞུང་དོན་ཁང་གི་ལས་བྱེད་པ་ཡོན་ཏན་གྱི་ཁྱིམ་དུ་འབྱོར་སྐབས་ཁོང་གིས་གྱོན་ཆས་འཁྲུ་རྩིས་བྱེད་བཞིན་འདུག ཆུ་ཀ་ལའི་གཅུས་སྒོ་གཅུས་མ་ཐག་ཆུ་ཤག་ཤག་ཏུ་ཐོན། “སྔོན་མ་ཆུ་ཁྲོན་པ་ནས་ལེན་དགོས་པ་དང་དགུན་ཁ་ཁྲོན་པར་འཁྱག་པ་ཐེབས་ཏེ་ཆུ་ལེན་ཐུབ་ཀྱི་མེད། འཚོ་བའི་བཙོག་ཆུའང་ཕྱིར་གཤོ་དགོས་ཀྱི་ཡོད། ད་ཆ་ཆུ་ཀ་ལ་འཁྲིད་པས་སྟབས་བདེ་བ་མ་ཟད། དགུན་ཁའང་སེམས་ཁྲལ་བྱེད་དགོས་མེད”ཅེས་ཡོན་ཏན་གྱིས་འཛུམ་མདངས་འཕྱུར་བཞིན་ཆུ་ཀ་ལ་ཁྲིད་པའི་སྐོར་བརྗོད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གི“གད་སྙིགས་དངུལ་ཁང”གང་སར་སྐད་གྲགས་ཆོད་ཡོད། བར་ག་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས“གད་སྙིགས་དངུལ་ཁང”བཙུགས་ནས། ཡུལ་སྐོར་བ་དང་མང་ཚོགས་ཀྱིས་གད་སྙིགས་དང་ཅ་དངོས་བརྗེ་རྒྱུར་ལྕག་སྐུལ་བྱས་པར་བརྟེན་མཛེས་ལྗོངས་ཁུལ་གྱི་གད་སྙིགས་བསྡུ་བ་དང་དབོར་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད།
2018ལོའི་ཟླ་6པར་བར་ག་ཤང་གི“གད་སྙིགས་དངུལ་ཁང”དངོས་སུ་སྤྱོད་འགོ་ཚུགས་པ་དང་མིག་སྔར་གད་སྙིགས་བརྗེ་སའི་ས་ཚིགས་4བཙུགས་ཡོད། འཚོ་བའི་གད་སྙིགས་འགྱིག་ཁུག་གང་གིས་བྲང་རྟགས་1བརྗེ་ཆོག་པ་དང་། འགྱིག་ཁུག་2ཀྱིས་ལྡེ་མིག་གི་ཨ་ལོང་1བརྗེ་ཆོག་པ། ཚུར་བསྡུ་ཆོག་པའི་གད་སྙིགས་འགྱིག་ཁུག་གང་གིས་གཙང་ཤོག་1གམ་ཡང་ན་ལག་ཕྱིས་གཙང་ཤོག་རློན་པ་1བརྗེ་ཆོག་པ་བཅས་ཀྱི་ཐབས་ཤེས་སྤྱད་དེ། ཡུལ་སྐོར་བ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གད་སྙིགས་བསྒྲུགས་ནས་ཅ་དངོས་བརྗེ་བར་ལྕག་སྐུལ་བྱེད་ཀྱི་ཡོད།
2023ལོར་མངའ་རིས་ས་ཁུལ་གྱིས་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་གཙང་སེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གནོད་མེད་ཅན་གྱི་གད་སྙིགས་ཏུན་ཁྲི་7.21དང་འཚོ་བའི་གད་སྙིགས་ཏུན་200ལྷག་ཙམ་བསྡུས་པ་མ་ཟད། རིགས་དབྱེ་ནས་གད་སྙིགས་ཏུན་600ལྷག་ཙམ་བསྡུས་པ་དང་ཏུན་300ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་30ཙམ་རག་ཡོད།