ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་སུ་རུལ་སུངས་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ཚན་པ་ཁག་དང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལས་གྲྭའི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་རྩིས་ལེན་བྱེད་མཁན་ཚན་པ(སྡེ་ཚན)ལ་སྐུལ་འདེབས་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་རྩིས་ལེན་སོགས་ཀྱི་ལྷུ་ཚིགས་ཁྲོད་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་བཀག་རྒྱའི་གསལ་ཐོའི་ལམ་ལུགས་བཟོས་ནས་ལྟ་སྐུལ་གྱི་འགག་སྒོ་མདུན་དུ་སྤོས་ཤིང་། མིག་སྔའི་བར་འབྲེལ་ཡོད་ཚན་པས་བཀག་རྒྱའི་གསལ་ཐོ་109བཟོས་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པ་མང་པོ་ཞིག་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་དབང་གིས་ཞིབ་བཤེར་ཐག་གཅོད་བྱས་ཡོད། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་ཆེད། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས《ཚན་པའི་འགོ་ཁྲིད་ལས་བྱེད་པས་ལས་གྲྭའི་འཛུགས་སྐྲུན་སོགས་ལ་ཐེ་གཏོགས་ཐེ་ཞུགས་བྱས་པ་སོགས་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་བཀག་རྒྱའི་གསལ་ཐོ》ཞིབ་འཇུག་བྱས་ནས་བཟོས་ཏེ། གཙོ་གནད་སྡེ་ཚན་དང་འགག་རྩའི་ལས་གནས་ཐོག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་ངང་དབང་ཆ་སྤྱོད་རྒྱུར་དྲན་སྐུལ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
བཅར་འདྲི་བརྟག་ཞིབ་དང་། བསམ་འཆར་བསྡུ་ལེན། རིགས་པས་ཁུངས་སྐྱེལ་གང་ཐུབ་བྱས་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས《རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་རྩིས་ལེན་བྱེད་མཁན་ཚན་པ(སྡེ་ཚན)ཡིས་བཀག་རྒྱའི་གསལ་ཐོ་སོགས་ཀྱི་ལམ་ལུགས་བཟོ་བར་ལྟ་སྐུལ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ལྗོངས་ཐད་གཏོགས་ཚན་པ་དང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་106ལ་སྐུལ་འདེབས་བཏང་ནས་རང་ངོས་ཀྱི་འགན་ནུས་འགན་འཁྲི་དང་ཟུང་འབྲེལ་གྱིས“འགག་རྩའི་ཉུང་ཤས”ལ་དམིགས་པ་དང་། ཚན་པ(སྡེ་ཚན)འདི་གའི་ལས་གྲྭའི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་རྩིས་ལེན་ལས་དོན་ཁྲོད་ཀྱི་ཉེན་ཁ་གནས་ས་དང་ལྷུ་ཚིགས་ཞན་སར་དམིགས་ནས། སྒྲིག་འགལ་ངང་ཇུས་ཐག་བཅད་པ་སོགས་ཀྱི་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་བཀག་རྒྱའི་གསལ་ཐོ་བཟོས་ཏེ། འགོ་ཁྲིད་ལས་བྱེད་པས་འགན་སྒྲུབ་ཀྱི་དབང་ཆ་སྤྱོད་པར་དམར་ཐིག་ཅིག་བཏོན་ཡོད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་དང་དེ་བཞིན་མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཁྲོད་ལྷག་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམིགས་ནས་བཀག་རྒྱའི་གསལ་ཐོ་བཟོས་པ་སྟེ། “‘གལ་ཆེན་གསུམ་དང་ཆེན་པོ་གཅིག’གི་ཐབས་ཇུས་ལམ་ལུགས་དང་འགལ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འབྲེལ་ཡོད་དོན་གནད་ཐད་ཀར་བཀོད་སྒྲིག་བྱས་པའམ་ཡང་ན་ཆོག་མཆན་བཀོད་པ”དང་། “ཆེད་མངགས་འབྲེལ་གཏུག་མི་སྣ་བཀོད་སྒྲིག་གིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གཏན་འབེབས་ལས་འགལ་བའི་རྣམ་གྲངས་བླངས་པའམ་ཡང་ན‘བར་ཁེ་བའི’ས་ནས་འགྲོ་གྲོན་ཙག་ཙིག་བླངས་ཏེ་ཁེ་བཟང་སྒྲུབ་པ”སོགས་དང་འབྲེལ་བའི་ནང་དོན་13ཡོད།
གཞན་ཡང་། རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་སྒྲིག་གཞི་ཁག་ལ་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་དང་། ལྗོངས་ཁོངས་གཏོགས་ཀྱི་མཐོ་སློབ་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིས་ཕྱོགས་བསྡུས་ལྟ་སྐུལ་བྱ་ཡུལ་ཚན་པ(སྡེ་ཚན)ཡིས་ལས་གྲྭའི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་རྩིས་ལེན་ལྷུ་ཚིགས་ཁྲོད་གཏན་འབེབས་ལས་འགལ་བའི་དབང་ཆ་སྤྱད་པ་སོགས་ཀྱི་གནད་དོན་ལ་གསེད་བཀྲོལ་ནན་ཏན་བྱས་ནས་ཐོ་འགོད་སྙན་སེང་ལམ་ལུགས་བཟོ་དགོས་པའི་བླང་བྱ་བཏོན་ཡོད།
“ང་ཚོས་གསལ་ཐོ་དང་ལམ་ལུགས་ལག་བསྟར་བྱ་ཚུལ་དེ་ད་ལོའི་ལྟ་སྐུལ་ལས་དོན་གྱི་གཙོ་གནད་ལ་བརྩིས་ཏེ། ལྟ་སྐུལ་ཞིབ་བཤེར་ཁང་ཁག་དང་མཉམ་དུ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་དང་། བཀག་རྒྱའི་གསལ་ཐོ་དང་ཐོ་འགོད་སྙན་སེང་ལམ་ལུགས་ལག་བསྟར་གནད་འཁེལ་ཡོང་བར་སྐུལ་འདེད་བཏང་ནས་ལྟ་སྐུལ་གྱི་འགག་སྒོ་མདུན་དུ་སྤོས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་ལ་ཞིབ་མཆན་འགོད་པའི་ཁྲོད་ཀྱི་རུལ་སུངས་ཀྱི་ཉེན་ཁ་ཆུང་དུ་བཏང་ནས་སྐབས་དང་བསྟུན་ཏེ་ས་གནས(གྲོང་ཁྱེར)དང་རྫོང་ཁག་ལ་ཁྱབ་གདལ་ལས་དོན་སྤེལ་རྩིས་ཡོད”ཅེས་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།
(《ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་ཚགས་པར》ཟླ་2ཚེས་24ཉིན་གྱི་པར་ངོས་དང་པོ་ལས་བརྒྱུད་བཀོད་བྱས། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་རིང་བུ་ཁྲིད་དང་པ་ཚེས་ཞུས)