ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་བཏང་ཐོག དེ་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དད་སེམས་མཁན་བརྟན་པོ་ཞིག་དང་ལྷག་བསམ་རྣམ་དག་གི་ལག་ལེན་མཁན་ཞིག་བྱེད་དགོས། ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད་འབྲེལ་ཡོད་བསམ་འཆར་བཏོན་པ་རེད།
《བསམ་འཆར》དེ་ཁྱོན་ནང་དོན་ཁག་བཞིར་དབྱེ་བ་སྟེ། གཅིག་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་མཐའ་འཁྱོངས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཏིང་ཟབ་དང་གཞན་སྒྱུར་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། “གྲོས་གཞི་ཨང་དང་པོའི”ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་གཤིས་སློབ་གསོར་ཤུགས་སྣོན་རྒྱག་དགོས།
གཉིས་ནས་སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་རྒྱུན་ཆད་མེད་པར་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་པོ་བཟོ་བ། བྱེད་ཐབས་སྦྱོང་བ། བློ་རིག་རྒྱས་པ་བཅས་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སློབ་གསོ་དང་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་ལས་བྱེད་པའི་འགན་སྒྲུབ་ནུས་པ་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས།
གསུམ་ནས་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་མཐའ་འཁྱོངས་ཀྱིས་ཏང་ཡོངས་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ཐོག་ནས་ཏང་སྲོལ་སྐོར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ཏེ“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱས་ནས། འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་ཉམས་ལེན་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་སྒྲིག་ཁྲིམས་སློབ་གསོ་ཏན་ཏིག་ངང་བརྒྱབ་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྒྲིག་བྱེད་དགོས།
བཞི་ནས་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་བྱེད་པར་སྐུལ་ལྕག་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་དགོས།
(མཚམས་གཅོད་ཀྱིས་བསྒྱུར། དཀོན་སྒྲོལ་གྱིས་ཞུས)