འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི་ཤིང་འཛུགས་ནགས་བཟོའི་ལས་གྲྭའི་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་སྣེ་གདོང་ཆུས་ཤེལ་བྲག་རི་བོའི་མ་ཡུམ་ལུང་ཤུར་དུ་འཚོགས་ཤིང་། ཨར་སྐྲུན་ཕྱོགས་དང་། ལྟ་སྐུལ་དོ་དམ་ཕྱོགས། བཟོ་པ་སོགས་ཀྱིས་དུས་གཅིག་ལ་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་པ་དེ་ཐོག་ནས་ལྷ་སའི་ལྷོ་རི་བྱང་རིའི(ལྷོ་ཁ་དུམ་བུའི)ནགས་བཟོ་སྔོ་འགྱུར་དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་མཚོན་བྱེད་དུ་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་ནགས་བཟོའི་རྣམ་གྲངས་དངོས་སུ་ལས་འགོ་བསྐྱར་དུ་ཚུགས་པ་མཚོན་ཡོད་པ་རེད།
2024ལོར་ལྷོ་ཁ་གྲོང་ཁྱེར་དུ་ཤིང་འཛུགས་ནགས་བཟོ་ལས་གྲྭའི་རྣམ་གྲངས་15གསར་སྐྲུན་དང་མཐུད་སྐྲུན་རྣམ་གྲངས་38ལག་བསྟར་བྱ་རྩིས་ཡོད་པ་དང་ལོ་ཧྲིལ་པོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.12གཏོང་རྩིས་ཡོད། རྣམ་གྲངས་དེ་དག་ལག་བསྟར་བྱས་ནས་ནགས་ཚལ་ཁྱབ་ཚད་སྔར་བས་ཆེ་རུ་བཏང་སྟེ། སྔོ་ལྗང་རི་ཀླུང་དང་། དྭངས་གཙང་ཆུ་བོ། མཁའ་རླུང་སོས་པ་བཅས་རྒྱུན་དུ་གནས་ནས། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་དང་སྡོད་མལ་ཁོར་ཡུག་ལེགས་པོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། 2023ལོར་ལྷ་སའི་ལྷོ་རི་བྱང་རིའི་གོང་དཀར་ཡུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་བས། ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་1.2ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་། ཞིང་འབྲོག་པ་2145ལ་ལས་ཞུགས་གཞན་སྒྱུར་བྱེད་རོགས་བྱས་པ། ཞིང་འབྲོག་པ་མང་ཚོགས་མི་ཐེངས་ཁྲི་13.9ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་3273བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལྷག་ཙམ་ཟིན་ཡོད་པ་རེད། (མཚམས་གཅོད་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)