འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་དང་འབུའི་གནོད་འཚེ་འགོག་བཅོས་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)2024ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།
《བྱ་ཐབས》དེ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཞིང་ལས་སྐྱེ་དངོས་དང་དེ་བཞིན་དེའི་ཐོན་རྫས་ཀྱི་ནད་དང་། འབུ། རྩྭ་ངན། བྱི་བ་སོགས་གནོད་ཡོད་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་། སྔོན་འགོག་དང་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་འགོག་བཅོས་བྱེད་སྒོ་དང་དེ་བཞིན་ལྟ་སྐུལ་དོ་དམ་ཐད་སྤྱོད་རྒྱུ་རེད།
《བྱ་ཐབས》ནང་རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་། གཙོ་གཉེར་སྡེ་ཚན། འབྲེལ་ཡོད་སྡེ་ཚན་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་བཅས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་དང་འབུའི་གནོད་འཚེ་འགོག་བཅོས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ལམ་ལུགས་ཅན་དུ་འགྱུར་མགྱོགས་སུ་བཏང་སྟེ་རིམ་དབྱེ་རིགས་དབྱེའི་སྒོ་ནས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་དྲ་རྒྱ་བཙུགས་ནས། ནད་དང་འབུའི་གནོད་འཚེ་ཐོན་སྐབས་ནུས་ཆེ་དང་དུས་ཐོག་ཏུ་འཕྲལ་སྡོམ་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད། ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་བཀོད་སྒྲིག སྔོན་དཔག་སྔོན་བརྡ། སྤྱི་འདོམས་འགོག་བཅོས། མཉམ་འགོག་མཉམ་སྡོམ། ཞིང་སྨན་བེད་སྤྱོད། ཞིང་སྨན་ཐུམ་སྒྲིལ་གྱི་ཟོག་རོ་དང་དེ་བཞིན་དུས་ཚོད་ཡོལ་བའི་ཞིང་སྨན་ཚུར་བསྡུ། ཞིང་ལས་སྐྱེ་དངོས་ཀྱི་ཕྱི་ནས་ཁྱབ་པའི་ནད་དང་འབུའི་གནོད་འཚེ་འགོག་བཅོས། འཕྲལ་སྡོམ་ཐག་གཅོད་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་དམིགས་ཏེ་འགོག་བཅོས་ཀྱི་འབྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད།
(བསོད་ནམས་དཔའ་མོས་བསྒྱུར། བསོད་བདེ་གཞོན་པས་ཞུས)