འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བདེ་འཇགས་ཁྲིམས་སྐྱོང་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་དུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་ཆེད་ཡིན་པ་རེད།
བྱེད་སྒོ་འགོ་མ་ཚུགས་གོང་། གནམ་ཤང་གི་ལས་དོན་པས་དེའི་ནང་ཞུགས་མཁན་ལ《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་ཅིང་། དྲིལ་བསྒྲགས་ལག་དེབ་ནང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པས་ཚང་མར་ཤེས་བྱ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། སྒྲོག་འགྲེལ་བྱེད་རིང་། གནམ་ཤང་ཏང་ཨུད་ཀྱི་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ཡོན་པ་སངས་སྒྲོལ་མས་དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་ན་སོ་དར་ལ་མ་བབས་པའི་མིའི་བྱ་སྤྱོད་ངན་པ་དང་། སློབ་གྲྭའི་བརྙས་བཅོས། གློག་འཕྲིན་ཁ་བསླུས། ཁྲིམས་འགལ་ཉེས་གསོག་སྔོན་འགོག་སོགས་ཕྱོགས་བཅུའི་ཐད་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་གསོན་ཉམས་དོད་པའི་གྱོད་གཞི་དང་གྲངས་གཞི་ངོ་མ་དྲངས་པས། བྱེད་སྒོ་སྤེལ་ཡུལ་དུ་ཡོད་པའི་མི་ཚང་མར་གནད་དོན་དེ་དག་གི་ཚབས་ཆེ་ལུགས་ལ་ངོས་འཛིན་ཟབ་མོ་བྱུང་ཡོད།
པ་སངས་སྒྲོལ་མས་ན་སོ་དར་ལ་མ་བབས་པའི་མི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་། ཁྱིམ་བདག་གི་གལ་ཆེའི་རང་བཞིན་ལ་ནན་བཤད་བྱས་ཤིང་། ཁོང་གིས་ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པས་ལྟ་སྲུང་བའི་འགན་ནན་པོ་ཁུར་ནས་ན་སོ་དར་ལ་མ་བབས་པའི་མིར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཚུལ་བསྟན་པ་མ་ཟད། ཁྱིམ་བདག་ཚོར་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱས་ཏེ་ཕྲུ་གུའི་དབར་འབྲེལ་གཏུག་དང་ཡིད་ཆེས་བྱེད་དགོས་པའི་དྲན་སྐུལ་ཡང་བྱས།
ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་གནམ་ཤང་གི་ན་སོ་དར་ལ་མ་བབས་པའི་མིས《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཁོང་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་རྒྱུས་མངའ་བྱུང་བ་མ་ཟད། བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱ་རྒྱུའང་གསལ་པོ་ཤེས་ཡོད་ཅིང་། ད་ཐེངས་ཀྱི་བྱེད་སྒོས་ཁོང་ཚོའི་བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། ཉེན་ཁ་འཕྲད་སྐབས་དོགས་ཟོན་ཆེར་སྐྱེད་དང་ཁ་གཏད་གཅོག་ནུས་ཀྱང་ཆེ་རུ་ཕྱིན་ཡོད།