འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2018ལོ་ནས་བཟུང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དང་མཉམ་དུ་གླིང་ཆུང་སྒང་དུ་གདོང་དཀར་སྡེ་ཁུལ་གྱི་གླིང་ཆུང་སྒང་སྐྱེ་ཁམས་སྤྱི་གླིང་ཐུན་མོང་ཐོག་བསྐྲུན་པ་དང་འབྲེལ། 2022ལོའི་ཟླ་12པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་གྲོང་མིར་ལུས་སྦྱོང་དང་། སྤྲོ་གསེང་། རོལ་རྩེད་བཅས་ཀྱི་ས་ཆ་ཡག་པོ་ཞིག་མཁོ་འདོན་བྱས་ཏེ། ཚང་མར་ལྗང་མདོག་འཕེལ་རྒྱས་ལས་བྱུང་བའི་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
གདོང་དཀར་སྡེ་ཁུལ་གྱི་གླིང་ཆུང་སྒང་སྐྱེ་ཁམས་སྤྱི་གླིང་ནི་བཅིངས་འགྲོལ་ནུབ་ལམ་གྱི་ལྷོ་ངོས་སུ་གནས་པ་དང་རྒྱ་ཁྱོན་མུའུ་100ཡོད། 2018ལོར་གདོང་དཀར་སྡེ་ཁུལ་དང་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དབར་མཉམ་ལས་བྱས་ཏེ་གདོང་དཀར་སྡེ་ཁུལ་གྱི་གླིང་ཆུང་སྒང་སྐྱེ་ཁམས་སྤྱི་གླིང་ཐུན་མོང་ཐོག་གསར་སྤེལ་བྱས་ནས་བསྐྲུན་པས་སྐྱེ་ཁམས་ཀྱི་ནུས་པ་དང་། སྤྱི་ཚོགས་ཀྱི་ནུས་པ། མི་ཆོས་རིག་གནས་ཀྱི་ནུས་པ་བཅས་གཞི་གཅིག་ཏུ་འདུས་པའི་སྤྱི་གླིང་བསྐྲུན་རྒྱུ་ཡིན་པ་དེའི་ནང་གཙོ་བོ་མཛེས་ལྗོངས་སྔོ་འགྱུར་ལས་གྲྭ་དང་ཨར་སྐྲུན་དང་སྒྱུར་བཀོད་ལས་གྲྭ། དེ་བཞིན་གྲོང་སྲིད་ཀྱི་འབྲེལ་ཟམ་3གྱི་ལས་གྲྭ་ཚུད་པ་མ་ཟད། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་6080ཙམ་ཡོད་པ་དང་སྔོ་ལྗང་ཅན་དུ་འགྱུར་ཚད་72.4%ཟིན་ཡོད་པ་རེད།
ལྗང་མདོག་བྱེད་སྒོའི་བར་མཐོངས་རྒྱ་ཆེར་བཏང་ནས་ལྗང་མདོག་སྐྱེ་ཁམས་མ་ལག་ཧུར་ཐག་གཏོད་ཆེད། 2021ལོའི་ཟླ་7པར་གདོང་དཀར་སྡེ་ཁུལ་གྱིས་སྟོད་ལུང་བདེ་ཆེན་ཆུས་ཆུ་བེད་ཅུས་ལ་མ་དངུལ་སྒོར་ཁྲི་155རེ་ཞུ་བྱས་པ་དང་འབྲེལ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ལ་མ་དངུལ་སྒོར་ཁྲི་30བཏང་ནས་རིང་ཚད་སྨི་280ཙམ་ཡོད་པའི་ཆུ་ལམ་གཙང་སེལ་བྱས་ཏེ། ཆུ་ལམ་གྱི་གཞོགས་གཉིས་བརྟན་དུ་བཏང་བ་དང་མཐོ་ཚད་སྨི་2དང་ཞེང་ཚད་སྨི་25ཡོད་པའི་ཨར་འདམ་དང་ལྕགས་ལས་གྲུབ་པའི་ཆུ་རགས་བརྒྱབ་པ་དང་ཤིང་གི་འཕྲང་ལམ་ཡང་བསྐྲུན་ཡོད་པ་རེད།
གཞན་ཡང་གདོང་དཀར་སྡེ་ཁུལ་གླིང་ཆུང་སྒང་སྐྱེ་ཁམས་སྤྱི་གླིང་ནང་གི་སྤྲོ་གསེང་ས་ཚིགས་དང་། གཉེན་སྒྲིག་རྟེན་འབྲེལ། སྐྱེ་ཁམས་ཟ་ཁང་། མཛེས་ལྗོངས་ཇ་ཁང་སོགས་2023ལོའི་ཟླ་5པར་དངོས་སུ་རྩིས་སྤྲད་ནས་བེད་སྤྱོད་བྱས་པ་དང་། སྡེ་ཁུལ་གྱི་གྲོང་མི་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་སྟེ། 2023ལོར་སྡེ་ཁུལ་དེས་ས་ཆ་བོགས་མར་བཏང་ནས་ཡོང་འབབ་སྒོར་ཁྲི་350ཙམ་བྱུང་ཡོད་པ་རེད། (མཚམས་གཅོད་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)