《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

སློབ་མའི་ལུས་ཀྱི་ཀུན་སྤྱོད་སྐྱོང་ཚུལ་སྐོར་ཅུང་ཙམ་གླེང་བ།

སྤྱིར་ན་ལུས་ཀྱི་ཀུན་སྤྱོད་ནི་ངག་དང་ཡིད་ཀྱི་ཀུན་སྤྱོད་དང་མི་འདྲ་བར་མངོན་ཆེ་བ་དང་ཐད་ཀར་མིག་མཐོང་ལག་འཛིན་ཐུབ་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་སློབ་གྲྭའི་སྒྲིག་ལམ་སོགས་དང་དམ་དུ་འབྲེལ་ཡོད་པས། ཐོག་མར་སློབ་མའི་ལུས་ཀྱི་ཀུན་སྤྱོད་ངན་པ་དང་མ་འདང་བའི་རིགས། མ་བྱུང་བའི་ཆར་སློབ་གསོ་དང་བཀག་འགོག ཡོ་བསྲང་གིས་ཀུན་སྤྱོད་ཡ་རབས་རྣམས་དར་སྤེལ་དང་སྐྱེད་སྲིང་བྱེད་པ་གལ་འགངས་ཤིན་ཏུ་ཆེ། འདིར་བརྗོད་འདོད་པ་ནི་ལུས་ཀྱི་ཀུན་སྤྱོད་ལས་སློབ་མའི་ཟས་གོས་སྡོད་གསུམ་དང་འགྲོ་སྟངས་ལས་སྤང་བླང་གི་ཀུན་སྤྱོད་གཉིས་ཕྲན་ཙམ་གླེང་བར་བྱའོ།

དང་པོ། སྤངས་དགོས་པའི་ཀུན་སྤྱོད།

“ཟ་ལུགས་སྡོད་ལུགས་འགྲོ་ལུགས་གསུམ། དྲིན་ཅན་ཕ་མའི་བསླབ་བྱ་ཡིན”ཞེས་པ་ལྟར་མི་ཞིག་གི་ཀུན་སྤྱོད་ཀྱི་སློབ་གསོ་ཆེས་ཐོག་མ་ནི་ཁྱིམ་ཚང་གི་སློབ་གསོ་ཡིན་ཞིང་། ཁྱིམ་ཚང་གི་སློབ་གསོ་ནི་ཁྱིམ་ཚང་དེའི་མི་རྒན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་བཟང་ངན་ལས་བུ་ཕྲུག་གི་ཀུན་སྤྱོད་སློབ་གསོར་ཐད་ཀར་ཤུགས་རྐྱེན་ཕོག་པ་ཞིག་ལགས། སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ནི་ཁྱིམ་ཚང་གི་ཀུན་སྤྱོད་སློབ་གསོ་རྨང་གཞིར་བྱས་པ་གང་ཞིག སློབ་མའི་རྒྱུད་ཀྱི་ཀུན་སྤྱོད་སློབ་གསོར་ཕྱོགས་ཡོངས་ནས་འཐུས་ཚང་དང་ཇེ་ལེགས་སུ་འགྲོ་བར་ཤེས་བྱ་དང་ཚན་རིག་གི་རྒྱབ་རྟེན་ལ་བརྟེན་ནས་རམ་འདེགས་དང་ཁ་གསབ་བྱེད་པའི་སློབ་གསོ་ཞིག་ཡིན།

ན་སོ་ཆུང་བའི་སློབ་མ་ནི་ཡ་མཚན་གྱི་བསམ་པ་ཤུགས་ཆེ་བ་དང་བསྟན་བཤིག་ཚ་བ། ལད་ཟློས་ལ་དགའ་བ་ཞིག་ཡིན་པས་སློབ་མ་འགའ་རེས་མ་རབས་ཀུན་སྤྱོད་ལ་གཡེང་ནས་རང་རྒྱུད་ཀྱི་སྤྱོད་བཟང་རིམ་པར་བརླག་འགྲོ་བ་ནི། དཔེར་ན། བཟའ་མ་ཟ་དུས་ཧབ་བཟའ་དང་འཕྲེད་ཉལ་བྱས་ནས་བཟའ་བ་དང་། རྐང་ལག་སྡོད་མ་ཚུགས་པར་རྩེད་མོ་དང་སྐད་ཆར་རོལ་བ། ཚལ་ལ་བདམས་སྒྲུག་རྒྱག་པ་དང་གྲོན་ཆུང་གི་འདུ་ཤེས་ཞན་པ། ཁྱིམ་ཚང་དུ་མི་རྒན་དང་མགྲོན་པོ་ཡོད་ནའང་ཁ་ལག་ལ་ཧབ་ཐོབ་དང་གང་བྱུང་དུ་བྲོ་བ་མྱོང་བ་དང་རྐུབ་སྟེགས་སྟེང་སྡོད་མི་ཚུགས་པ། རྐང་པ་གཉིས་ཕན་ཚུན་བསྡེབས་པ། ལངས་ནས་ཚལ་ཧབ་ལེན་བྱེད་པ། སྡོད་སྟངས་ཀྱི་ཆ་ནས་མགོ་བོ་དང་སྐེད་པ་སྒུར་བ། ལུས་དང་དཔུང་པ་འཁྱོག་པ། ཁ་སྦུབ་དང་བྲང་ཁོག་སྒྲོག་ཙེར་འབྱར་བ། རྐང་མཐིལ་མཛུབ་རྩེར་བཀན་ནས་སྡོད་པ། ལངས་དུས་ཀྱང་ལུས་ཧྲིལ་པོ་འཁྱོག་པ། རྐང་པ་གཉིས་ཁ་གྱེས་དྲགས་པ་དང་བསྣོལ་ནས་ལངས་པ། དཔུང་པ་གཅིག་མཐོ་བ་དང་གཅིག་དམའ་བ། གྲོད་པ་ལྷོད་ཅིང་ལུས་སྟོད་སྒུར་བ། གྱང་དང་ལག་སྐྱོར་ལ་བསྙེས་ནས་སྡོད་པ། ལུས་པོ་བར་མཚམས་མེད་པར་འགུལ་བ། སློབ་མ་གཞན་དང་ཕྲག་རྡང་སྦྲེལ་བ། པུས་མོ་གུག་ནས་ལངས་པ། ཉལ་དུས་སུ་ཁ་སྦུག་ཏུ་ཉལ་བ་དང་དཔུང་པར་བསྙེས་ནས་ཉལ་བ། ལུས་འཁུམ་པ་དང་གཡོན་དུ་གཉིད་ནས་ཉལ་བ། འགྲོ་དུས་ཀྱང་སྟོད་སྒུར་བ་དང་ལྟག་པ་དགྱེ་བ། བྲང་ཁ་ལྡིར་བ། མགོ་་དང་དཔུང་པ་གཡུག་པ། རྐང་པ་ས་ལ་དྲུད་ནས་འགྲོ་བ། ལག་པ་ཁུག་མར་བླུགས་ནས་གོམ་ཆེན་སྤོས་ནས་འགྲོ་བ། གྱོན་གོས་ཆ་ནས་སྟོད་གོས་ལྷེབ་གྱོན་དང་དོར་ལྷུག་བཏང་བ། ལྷམ་སྒྲོག་མ་བཅིངས་པ། གྱོན་གོས་སྟོད་སྨད་ཆད་པ། དྲེགས་པ་དང་ཞག་ཚིལ་གྱིས་སྦགས་པ་སོགས་ནི་སློབ་མའི་ལུས་སེམས་བདེ་ཐང་དང་ཤེས་རིག་སྦྱོང་བའི་འཚར་ལོངས་ལ་གནོད་པ་ཤིན་ཏུ་ཆེ་ཞིང་ཀུན་སྤྱོད་ཀྱི་སྦྱང་ཚད་ཐ་ཤལ་ཤ་སྟག་ལགས་པས་ལུས་ཀྱི་མ་རབས་ཀྱི་ཀུན་སྤྱོད་དག་རིང་དུ་སྤང་བར་བྱའོ།

གཉིས་པ། བླང་དགོས་པའི་ཀུན་སྤྱོད།

སློབ་མ་ནི་ཡར་སྐྱེད་ཀྱི་བསམ་པ་ཆེ་བ་དང་བསྔགས་བརྗོད་ལ་དགའ་བ། ཤོད་ཕོད་པ་དང་དྲན་ཕོད་པ། ནོར་འཕྲུལ་ཤོར་སླ་ལ་ཡོ་བསྲང་བྱེད་སླ་བ་སོགས་ལྷན་སྐྱེས་ཀྱི་ལྷད་མེད་ཤེས་རབ་ཐུན་མིན་ཞིག་ལྡན་པས། ང་ཚོས་ཁོང་ཚོའི་དགེ་མཚན་དེ་དག་དམ་དུ་བཟུང་ནས་ཡ་རབས་ཀུན་སྤྱོད་སྐྱོང་བར་སྣང་ཆེན་གྱིས་བླང་དོར་གང་ཡིན་གྱི་དབྱེ་འབྱེད་ལ་ཁྲིད་སྟོན་ཡང་དག་བྱེད་དགོས་སོ། དེ་ཡང་སྤྱིར་སློབ་མའི་བླང་དགོས་པའི་ཀུན་སྤྱོད་ལ་རྣམ་གྲངས་ཤིན་ཏུ་མང་ན་ཡང་འདིར་རིགས་འདེད་ཀྱི་ཚུལ་དུ་ཟས་གོས་སྡོད་གསུམ་གྱི་བླང་བྱ་ཅུང་ཙམ་གླེང་ན། ཁ་ལག་བཟའ་དུས་སུ་སྒྲ་མི་ཐོན་པ་དང་ཕན་ཚུན་སྐད་ཆ་མི་ཤོད་པ། ཁ་ཁུ་སིམ་པོས་ཞིབ་མོས་ལྡད་ཅིང་དལ་མོར་མིད་པ། ཟས་རིགས་ལ་གདམ་ག་མེད་པ། རྒྱས་བཟའ་རྒྱས་འཐུང་མི་བྱེད་པ། སློབ་ཁང་དུ་སློབ་ཁྲིད་ཉན་དུས་སུ་ལུས་འདྲོང་ན་རྩ་འདྲོང་། རྩ་འདྲོང་ན་སེམས་འདྲོང་ཞེས་པ་ལྟར་མགོ་ལུས་དང་སྐེད་པ། བྲང་ཁ་འདྲོང་ཞིང་ཕྲག་པ་སྙོམས་པོར་སྡོད་པ། བྲང་ཁ་དང་སྒྲོག་ཙེའི་དབར་ཁུ་ཚུར་གཅིག་གི་བར་ཐག་འཇོག་པ་དང་ལག་ངར་གཉིས་སྙོམས་པོར་སྒྲོག་སྟེང་དུ་ལག་པ་གཡོན་མས་གཡས་པ་མནན་ཏེ་སྡོད་པ། ཡི་གེ་འབྲི་དུས་སུ་ཡང“ཁྲེ་ཙེ་གཅིག་དང་སོར་མོ་གང་། ཁུ་ཚུར་གཅིག”གི་བར་ཐག་འཇོག་དགོས་པ་ནི་འབྲི་དེབ་དང་མིག་དབར་ཁྲེ་ཙེ་གཅིག་དང་སྨྱུག་རྩེ་དང་མཛུབ་མོའི་བར་ལ་སོར་མོ་གང་། སྒྲོག་ཙེ་དང་བྲང་ཁ་ཁུ་ཚུར་གཅིག དྲིས་ལན་འདེབས་སྐབས་ལུས་འདྲོང་པོར་ལངས་བ་དང་སྙིང་སྟོབས་རབ་ཏུ་འཕེལ་བ། མིག་གཉིས་མདུན་ཕྱོགས་སུ་བལྟས་ཏེ་ཕྲག་པ་གཉིས་སྙོམས་པ། དཔུང་པ་གཉིས་རང་བཞིན་གྱིས་ཐུར་དུ་དཔྱངས་ནས་རྐང་པ་གཉིས་མཉམ་དུ་སྦྲེལ་ནས་ལངས་དགོས། གྱོན་གོས་ལ་ཡང་གྲལ་འགྲིག་ལ་བབ་ཆགས་པ། གྱོན་གོས་ཚུལ་ལྡན་དང་གཙང་མར་རྒྱུན་འཁྱོངས་བྱེད་པ། སློབ་གྲྭའི་ནང་སློབ་གོས་གྱོན་པ་སོགས། མདོར་ན་ལུས་ལ་སྨན་པའི་ཀུན་སྤྱོད་ལེགས་པོ་ཡོད་ཚད་ལ་འབད་པས་བསྒྲུབས་ཏེ་རང་ཉིད་མི་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་བར་རྨང་ལེགས་པོ་ཞིག་འདིང་དགོས་སོ།

(ལྷོ་ཁ་ལྷུན་རྩེ་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་གི་བློ་བཟང་ཆོས་སྒྲོན)