《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི།

སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས《ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག》སྲུང་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཧྲེན་ཞའོ་ཏིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གཞིར་བཟུང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཞབས་འདེགས་ཞུས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་2022ལོའི་ཟླ་12པར“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་བའི་ཆེད་དོན་བྱེད་སྒོ་སྤེལ་ནས། འཁྱགས་རོམ་དང་། ཆུ་བོ་དང་མཚོ། འདམ་ར། ཁོངས་གཏོགས་ཁུལ་གྱི་ཆུ་དྭངས་མ། གཙང་པོ་དང་ཆུ་བོའི་ཆུ་འགོ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིབ་དཔྱོད་སྤྱི་ཕན་གྱི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་སྲུང་བཞིན་ཡོད།

བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་པའི་ཐུན་མོང་འབད་བརྩོན་འོག་ཆེད་དོན་བྱེད་སྒོའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བས་འཕེལ་རིམ་བདེ་བླག་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཆེད་དོན་བྱེད་སྒོ་སྤེལ་རིང། གྱོད་ཁུངས་ཁག་870ལ་ལེབ་བཤེར་བྱས་པ་དང་། གྱོད་དོན་ཁག་682ཐོ་འགོད་བྱས་པ། གྲོས་གཞི་ཁག་164ལ་གྲོས་བསྡུར་བྱས་པ། ཞིབ་དཔྱོད་ཀྱི་གྲོས་འགོ་ཁག་274བཟོས་ནས་བཀྲམ་པ་རེད། གཙོ་གཉེར་ལས་ཁུངས་ཀྱིས་ཆུ་ལམ་སྤྱི་ལེ་1739དང་ཆུ་འགོ་ཁུལ་66བཅོས་སྐྱོང་བྱས་པ་དང་། བཙོག་འབུད་བྱེད་ས་3བཀག་པར་སྐུལ་འདེད་བཏང་བ་དང་། རྩྭ་ཐང་དང་འདམ་ར་སོགས་མུའུ་ཁྲི་2.2ལྷག་ཙམ་སླར་གསོ་བྱས་པ། སྲ་གཟུགས་ཟོག་རོ་ཏུན་5500ལྷག་ཙམ་གཙང་མ་བཟོས་པ། གད་སྙིགས་སྦས་ས་2མེད་པར་བཟོས་པ། སྲིད་འཛིན་ལས་ཁུངས་ལ་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཆ་འགྲིག་མདོང་ལམ་དང་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་500བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱབ་ཁོངས་མང་པོའི་གཞི་གཅིག་ཅན་གྱི་ལྟ་སྐུལ་ལས་སྟེགས་སྤྱད་དེ་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་འབྲོང་པ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་གནམ་ལྷ་འདམ་རའི་གྱོད་གཞི་སྒྲུབ་གཉེར་ལ་མཛུབ་ཁྲིད་བྱས་པས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་གཞི་ཆེ་གྲས་བཅུར་བདམས་པ་རེད།

“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་བའི་ཆེད་དོན་བྱེད་སྒོར་ཞབས་འདེགས་ནུས་ལྡན་ཞུ་བ་དང་འགན་ལེན་ནུས་ལྡན་བྱ་ཆེད། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཆེད་དོན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རིམ་གཉིས་ཞིབ་དཔྱོད་ཁང་དང་འབྲེལ་བ་ཡོད་པའི་ཆུ་བོ་དང་མཚོ་དང་། འཁྱགས་རོམ། འདམ་ར། གངས་རི་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཆེད་མངགས་འགན་ཁུར་བ་དང་། “ཆུ་དཔོན་དང་མཚོ་དཔོན་དང་+ཅན་ཁྲ་ཀྲང+ཉེན་རྟོག་དཔོན”གྱི་མཉམ་ལས་ལམ་སྲོལ་གྱི་ལེགས་ཆ་གང་ལེགས་བཏོན་ནས་ཆུ་བོ་དང་མཚོ་ཡི་མ་ལག་བཅོས་སྐྱོང་དང་སྲུང་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། གྱོད་གཞི་ཐག་གཅོད་བྱེད་པའི“གནད་འཁེལ་རང་བཞིན”ལ་སྣང་ཆེན་གྱིས་གྱོད་གཞི་གཅིག་ཐག་གཅོད་བྱེད་པའི་ཞོར་ལ་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཤེས་རྟོགས་ཐུབ་པར་བྱས་ནས་སྤྱི་ཕན་སྲུང་སྐྱོང་རྦད་དེ་ཐུབ་པ། སྤྱི་ཕན་སྲུང་སྐྱོང་གི་ཁུངས་སྣེ་ཐེར་འདོན་དང་བྱ་དགའ་སྤྲོད་ཐབས་བཙུགས་ནས་སྤྲོ་སེམས་ཆེ་བའི་སྤྱི་ཕན་གྱི་དང་བླངས་པ་བསྡུ་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ལ་སྤྱི་ཕན་གྱི་སྤྲོ་སེམས་འཕེལ་བ་དང་། སྤྱི་ཕན་བྱ་གཞག་ལ་ཞུགས་པ། སྤྱི་ཕན་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྤྱི་ཕན་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། ལྷག་ཚེས་ཞུས)