《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

རང་ལྗོངས་སུ་ལུས་རྩལ་སྤྱི་གླིང་བཅུ་བདུན་གསར་དུ་བསྐྲུན་རེ་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སྒོར་དུང་ཕྱུར་3.45བཏང་ནས་སྡེ་ཁུལ་དང་ཤང་དང་གྲོང་རྡལ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་སྤེལ་བཏང་བ་དང་ཆབས་ཅིག མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་། ས་བབ་མཐོ་བའི་ས་ཁུལ། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་བཅས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ལུས་རྩལ་ལུས་སྦྱོང་སྒྲིག་བཀོད་ཀྱི་གྲངས་འབོར་རྒྱུན་མཐུད་མང་དུ་ཕྱིན་ཡོད། 2024ལོར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་སྤྱི་གླིང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། 2024ལོ་དང་2025ལོར་ལུས་རྩལ་སྤྱི་གླིང་17བསྐྲུན་རྒྱུའི་དམིགས་ཚད་ལས་འགན་ཚད་ལས་བརྒལ་ནས་ལེགས་སྒྲུབ་ཡོང་བའི་བརྩོན་ལེན་དང་འབྲེལ། སྤྱི་པའི་ལུས་རྩལ་ཁང་སྤྱི་ཚོགས་ལ་རིན་མེད་དམ་ཡང་ན་རིན་གོང་དམའ་པོས་སྒོ་འབྱེད་པར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རང་ལྗོངས་སུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་ཐང་8640ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་649.827ཟིན་གྱི་ཡོད། ད་ཆ་རང་ལྗོངས་སུ་ལུས་རྩལ་ཐང་ཇེ་མང་དུ་འགྲོ་བ་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ད་ཡོད་རིགས་ཁག་གི་ལུས་རྩལ་ཐང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་གཏོང་བར་སྐུལ་འདེད་གཏོང་བ། མིག་སྔར་ལྗོངས་ཡོངས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་གྲངས་འཛིན་ཞབས་ཞུའི་ལས་སྟེགས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་ཅིང་། ལས་སྟེགས་དེར་བརྟེན་ནས་ལྗོངས་ཡོངས་ཀྱི་ད་ཡོད་རིགས་ཁག་གི་ལུས་རྩལ་ཁང་གི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཐུབ།

རང་ལྗོངས་ཀྱི་མཐའ་མཚམས་རྫོང་གི་ལུས་རྩལ་ཁང་དང་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་དམིགས་ཏེ། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་2023ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་གི་སྤྱི་པའི་ལུས་རྩལ་ཞབས་འདེགས་ཞུ་ཚུལ་ལ་ཞིབ་དཔྱད་ཕྱོགས་ཡོངས་ནས་བྱས་པ་དང་། དེ་བྱིངས་ཀྱི་མཐའ་མཚམས་རྫོང་ལ་ཞིབ་དཔྱད་ཀྱི་ལས་དོན་2024ལོའི་ཟླ་3པའི་ཟླ་མཇུག་གོང་དུ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)