《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月28日

རང་ལྗོངས་ཀྱིས་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བཅས་ལ་ཤུགས་སྣོན་བརྒྱབ་པ།

བཀྲག་མདངས་འཚེར་བའི་གྲངས་གཞི་ལས། ཐོན་ལས་འཕོ་འགྱུར་ཆེ་བ་མངོན།

2023ལོར། རང་ལྗོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ནང་མཁོ་རྒྱ་སྐྱེད་དང་། གྲུབ་ཆ་ལེགས་སྒྲིག ཡིད་ཆེས་རབ་འཕེལ། ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ལེགས་པོ་ཡོང་བར་བྱས་ནས་གྲུབ་འབྲས་ཀྱི་གསལ་ཐོ་གསར་པ་ཞིག་བཏོད་ཅིང་། ཞིབ་རྩིས་བྱས་པ་བརྒྱུད། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་པ་དེ། འགྱུར་མེད་རིན་གོང་ལྟར་བརྩིས་ཚེ་ལོ་གོང་མ་ལས་9.5%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཞིང་འབྲོག་ལས་ལ་སྤུས་འབོར་གཉིས་འཕར་བྱུང་བ།

དགུན་ཨ་རང་ད་རང་ལ་གྲང་རླུང་འུར་འུར་ལྡང་བའི་སྐབས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོར་གནས་པའི་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་བོད་བྱ་ཁྲི་བརྒྱ་ཟིན་པའི་རིག་ནུས་ཐོན་ལས་གླིང་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ལས་བཟོ་ཚོས་ལས་གོས་དང་འཕྲོད་བསྟེན་ཞྭ་མོ་གྱོན་ནས་སྒོ་ང་སོས་པ་ཐུམ་བརྒྱབ་ནས་བླུག་བཞིན་ཡོད།

བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་ལ་ཕབ་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ་དབུལ་སྐྱོར་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཀྱང་ཡིན། བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་པོ་ཡིས། 2023ལོར་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དུས་ཐེངས་དང་པོའི་རྣམ་གྲངས་ལ་ལག་ཡོད་བྱ་དེ(དེའི་ནང་བྱ་མོ་ཁྲི་62དང་བྱ་ཕྲུག་ཁྲི་20ཚུད་པ)ཁྲི་82ཡོད་པ་དང་། ལོར་སྒོ་ང་ཏུན་8700ཐོན་པར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་7830ཟིན་པ་དང་། ལོར་སྐྱེ་ལྡན་ལུས་ཏུན་ཁྲི་3ཐོན་སྐྱེད་དང་། ལོར་ས་རྒྱུ་མུའུ་ཁྲི་5ཙམ་ལེགས་བསྒྱུར་བྱེད་པར་དཔལ་འབྱོར་རིན་ཐང་སྒོར་ཁྲི་4800ཟིན་པ། བྱ་དེ་ཁྲི་16.4བཤས་བཏང་བར་དཔལ་འབྱོར་རིན་ཐང་སྒོར་ཁྲི་800ལྷག་ཙམ་ཟིན་པ་བཅས་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.34ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནམ་གཤིས་མཐུན་རྐྱེན་ལ་གཞིགས་ནས། བོད་བྱ་གསོ་ཚགས་ལྟེ་བར་བྱས་ཐོག་ཐོན་སྐྱེད་འཁོར་འབྲེལ་ཧྲིལ་པོ་གཉེར་སྐྱོང་བྱས་པ་བརྒྱུད་གཟན་ཆག་ལས་སྣོན་ནས་སྒོ་ང་གདམ་གསེས་དང་ཐུམ་རྒྱག་པ་དང་། དེ་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་དང་། ཞིང་ལས་ཐོན་རྫས་ལ་ཐོག་མའི་ལས་སྣོན་དང་སྐྱེ་ལྡན་འདེབས་འཛུགས་བར་གྱི་ལྷུ་ཚིགས་ཁག་འབྲེལ་བ་དམ་ཟབ་བྱས་ཏེ་དེང་རབས་ཅན་དང་། ནུས་ཆེ། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་འཁོར་རྒྱུག་བཅས་ཐུབ་པའི་ཞིང་ལས་མ་ལག་ཅིག་མཉམ་དུ་བཏོད་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་བཞི་ལ་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་220.21ཟིན་པ་དེ། འགྱུར་མེད་རིན་གོང་ལྟར་བརྩིས་ཚེ། ལོ་གོང་མ་ལས་14.7%འཕར་བ་དང་། འབྲུ་རིགས་ཀྱི་ཐོན་འབབ་ཏུན་ཁྲི་108.87ཟིན་པ་དེ་ལོ་གོང་མ་ལས་1.4%འཕར་ནས་འབྲུ་རིགས་སྤྱིའི་ཐོན་འབབ་ལོ་དགུ་བསྟུད་མར་ཏུན་ཁྲི་100ཡན་བརྟན་པོར་གནས་ཐུབ་ཡོད།

བཟོ་སྐྲུན་ལས་རིགས་ལ་རིམ་སྤོར་བྱུང་བ།

ཟླ་གཉིས་པར། གསར་འགོད་པས་རླངས་འཁོར་བཏང་སྟེ་ནུབ་ཏུ་སྐྱོད་སྐབས། རྒྱང་རིང་ནས་བོད་ལྗོངས་མཐོ་བརྩོན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ“མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སི”ཅེས་བསྡུ་རྒྱུ)སྟོད་ལུང་བདེ་ཆེན་ཆུས་ཀྱི་ཨར་འདམ་ཐོན་སྐྱེད་སྒྲུབ་རིམ་གསུམ་གནས་ཡུལ་གྱི་རི་ལྡེབས་ཤིག་ཏུ་ཆགས་པ་མཐོང་བྱུང་།

མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སི་ནི་2001ལོར་བཙུགས་པ་དང་སྔ་མའི་ལྷ་སའི་ཨར་འདམ་བཟོ་གྲྭ་ཞེས་པ་དེ་ཡིན། ཀུང་སི་བཙུགས་རྗེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཤིང་། མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བསྟན་འཛིན་དོན་གྲུབ་ཀྱིས། བོད་ཀྱི་ཨར་འདམ་བཟོ་ལས་ཀྱི་སྔོན་སྐྱོད་པ་ཞིག་ཡིན་པའི་ངོས་ནས་མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སི་འདི་ཉིད་བགྲང་བྱ་དྲུག་ཅུ་ལྷག་ཙམ་རིང་འཕེལ་རྒྱས་མྱུར་པོ་བྱུང་ནས་རིམ་བཞིན་ཨར་འདམ་དང་། ཨར་འདམ་དཀྲུག་མ། ཨར་འདམ་མཁྲེགས་གཏོང་སོགས་སྣུར་སྲིང་ཐོན་ལས་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱུ་ཆའི་ཁེ་ལས་ཤིག་ཏུ་གྱུར་ཡོད། 2023ལོར་མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་བརྟན་པོ་བྱུང་སྟེ། ལོ་ཧྲིལ་པོར་ཨར་འདམ་ཏུན་ཁྲི་275.34ཐོན་སྐྱེད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་32.78%འཕར་བ་དང་། ཨར་འདམ་དཀྲུག་མ་རྒྱ་དཔངས་ངོས་གྲུ་ཁྲི་79.46ཐོན་སྐྱེད་དང་བཙོངས་པ་དེ་ལོ་གོང་མའི་དུས་མཚུངས་ལས་26.03%འཕར་བ། ཨར་འདམ་གྱི་བྱེ་རྡོ་ཏུན་ཁྲི་86.98ཐོན་སྐྱེད་དང་བཙོངས་པ་དེ་ལོ་གོང་མའི་དུས་མཚུངས་ལས་90.62%འཕར་ཡོད་ཅེས་ངོ་སྤྲོས་བྱས།

ཉེ་བའི་ལོ་ཤས་རིང་། བོད་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བ་དང་། ལྗང་མདོག་ཅན། གསར་གཏོད་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་དེ་ནུས་རྒྱུ་གཙང་མ་དང་། གཏེར་འདོན། ཨར་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག རང་བྱུང་འཐུང་ཆུ། ཞིང་འབྲོག་ཐོན་རྫས་ལས་སྣོན། མཐོ་གསར་ལག་རྩལ་གསར་གཏོད་སོགས་གཙོ་བོར་བྱས་པའི་ཁྱད་ལྡན་བཟོ་ལས་ཐོན་ལས་མ་ལག་ཅིག་བཏོད་དེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལམ་བུ་གསར་པར་རིམ་བཞིན་སྐྱོད་བཞིན་མཆིས།

ཞབས་ཞུའི་ལས་རིགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ།

2023ལོའི་ཟླ་11ཚེས་11ཉིན། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་གྱི་དུས་ཚིགས་བཅུ་གཅིག་པ་ལྷ་སར་མཇུག་འགྲིལ་ཞིང་། ཉིན་དེར་འཁྲབ་སྟོན་པ་ཡོངས་ཀྱིས་ཁྱད་དུ་འཕགས་པའི་འཁྲབ་རྩལ་ལ་བརྟེན་ནས། དེ་སྔ་འོན་ཤིང་ཀོང་ཇོ་བོད་ལ་ཕེབས་དུས་ཀྱི་བརྗིད་ཆེའི་རྣམ་པ་སླར་ཡང་མངོན་པར་བྱས་ཏེ། དེའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱི་འབྱུང་རིམ་ལས། ལྟད་མོ་བའི་ཡིད་དབང་བཀུག་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།

དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པ་དང་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་མཉམ་དུ་བཏོད་པ་ཞིག་ཡིན། དེའི་ནང་འུན་ཤིང་ཀོང་ཇོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་གཙོ་བོར་བརྗོད་ཡོད། 2013ལོའི་ཟླ་བརྒྱད་པར《འུན་ཤིང་ཀོང་ཇོ》འཁྲབ་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1800ལྷག་ཙམ་དང་། འཁྲབ་སྟོན་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཐོག་ནས་ལྟད་མོ་བ་མི་ཐེངས་ཁྲི་450ལྷག་ཙམ་ལ་སྣེ་ལེན་ཞུས་ནས། ཐད་ཀ་དང་གཞན་བརྒྱུད་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཚད་མི་ཐེངས་ཁྲི་ལྷག་ཟིན་ཏེ། རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་ལ་གླ་ཆ་སྒོར་དུང་ཕྱུར་4.5ཙམ་སྤྲད་ཡོད།

ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བའི་དགོས་མཁོར་ཡང་འགྱུར་ལྡོག་བྱུང་ཡོད། གོ་སྐབས་གསར་པ་དང་འགྲན་སློང་གསར་པར་དམིགས་ནས་རང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བ་བརྒྱུད། ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་སྣ་ཚོགས་བཏོན་ནས་མཛེས་ལྗོངས་ཁུལ་རྩེ་གྲ(ས་ཚིགས)བཏོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ལྗོངས་ཡོངས་སུ་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5516.97ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་དང་བསྡུར་ན་83.7%འཕར་ཏེ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་651.46བྱུང་ནས་60.0%འཕར་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)