“ཉལ་ཁང་411གི་སློབ་མས་ཉལ་ཁང་གི་གོས་སྐེམ་པའི་སྒྲིག་ཆས་སྐྱོན་ཤོར་ནས་གྱོན་ཆས་སྐེམ་ཐུབ་ཀྱི་མི་འདུག”དང“ཉལ་ཁང་112ཀྱི་སློབ་མས་ཉལ་ཁང་ནང་སྒྲོག་ཙེ་དང་རྐུབ་སྟེགས་མེད་པས་དཔེ་དེབ་ལྟ་བ་དང་སློབ་སྦྱོང་བྱེད་པར་སྟབས་བདེ་པོ་མི་འདུག”ཅེས་བཤད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི(གཤམ་དུ“རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭ”ཞེས་བསྡུ་རྒྱུ)ཚོགས་ཁང་ནང་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥན་ཀྲེན་ཆང་གིས་གཙོ་བོ་བྱས་པའི་ཏང་ཡོན་ཉལ་ཁང་དུ་བསྐྱོད་ནས“ངོ་ཐུག་གདོང་འཕྲད་ཀྱིས་གནད་དོན་ཐག་གཅོད་བྱེད”ཅེས་པའི་ཆེད་དོན་ཚོགས་འདུ་དུས་བཀག་ལྟར་འཚོགས་ཤིང་། ཚོགས་འདུའི་ཐོག་སློབ་མ་ཚོས་བཏོན་པའི་གནད་དོན་20ལྷག་ཙམ་ལ་དམིགས་ཏེ། ཧྥན་ཀྲེན་ཆང་གིས་རེ་རེ་བཞིན་ལན་བཏབ་པ་མ་ཟད། འགན་འཁུར་ཚན་ཁག་ལ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཆེད་དོན་ཚོགས་འདུ་དུས་བཀག་ནང་འཚོགས་པ་ནི་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་བྱ་ཐབས་ཞིབ་ཕྲ་ཞིག་རེད། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་སློབ་གྲྭ་བཅོས་སྐྱོང་དང་མི་སྣ་གསོ་སྐྱོང་གི་གཙོ་རྐང་ལ་གཞི་ཚུགས་ཏེ། བྱ་ཐབས་དངོས་བཏོན་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སློབ་སྲོལ་ལ་འགྱུར་ལྡོག་གཏོང་བ། སྤྱོད་ཚུལ་ལ་དམ་འཛིན་བྱེད་པ། ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ལས་དོན་ཁག་ལ་རྣམ་པ་གསར་པ་ཐོན་ཡོད།
ནུས་ཤུགས་ཡོད་རྒུས་དགེ་སློབ་ཆེད་བྱ་བ་དངོས་བསྒྲུབས་པ།
དགེ་སློབ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཕན་འབྲས་ཞིབ་དཔྱད་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སློབ་མ་ཚོར་ཉོ་ཆ་རྒྱག་པར་སྟབས་བདེ་བསྐྲུན་ཆེད། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་བཙུགས་པ་དང་ཚོང་ཟོག་གི་རིན་གོང་དེ་མཐའ་འཁོར་གྱི་སྤྱི་ལེ་ལྔའི་ཁྱབ་ཁོངས་ནང་གི་སྒོ་རྩིས་ཚོང་ཁང་གི་རིགས་གཅིག་པའི་ཚོང་ཟོག་གི་སིལ་ཚོང་རིན་གོང་ལས་བརྒལ་མི་ཆོག་པ་མ་ཟད། སིལ་ཚོང་རིན་གོང་གི་རྨང་གཞིའི་ཐོག་10%གོང་ཁེ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་ལས་སློབ་མ་ཚོར་སློབ་གྲྭའི་བརྩེ་སེམས་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད།
“ང་ཚོས་དུས་བཀག་ལྟར་ལས་དོན་པ་ས་གནས་ས་ཐོག་ཏུ་གོང་ཚད་འདྲི་བར་བཏང་སྟེ་རིན་གོང་དམའ་པོས་འཚོང་བའི་འགན་ལེན་བྱས་པ་དང་། དུས་ཚོད་ཡོལ་བའི་བཟའ་བཅའ་རྙེད་ཚེ་འཕྲལ་དུ་མེད་པ་བཟོ་ཡི་ཡོད”ཅེས་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་སློབ་སྤྱི་གཞོན་པ་བཀྲ་ཤིས་ཀྱིས་བཤད།
རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་སློབ་མའི་ཆེད་བསམ་བློ་གང་མང་གཏོང་བ་མ་ཟད། ད་དུང་དགེ་རྒན་དང་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། རྒྱུན་དུ་ཁོང་ཚོའི་དཀའ་ངལ་སྣ་ཚོགས་སེལ་རོགས་བྱེད་ཀྱི་ཡོད།
ངོ་ཐུག་གདོང་འཕྲད་ཀྱིས་གནད་དོན་ཐག་གཅོད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་དགེ་རྒན་ཚོས་མི་སྒེར་གྱི་དཀའ་ངལ་དང་རེ་བ་བཏོན་པ་ཉུང་ཉུང་ཡིན་མོད། འོན་ཀྱང་ཧྥན་ཀྲེན་ཆང་གིས་དོན་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དགེ་རྒན་ཚོའི་སེམས་ཁྲལ་སེལ་ཆེད། ཁོང་གིས་གོང་རིམ་སྡེ་ཚན་ལ་སྙན་སེང་ཧུར་ཐག་ཞུས་ནས་སྤུན་ཟླའི་ཚན་པའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། དགེ་རྒན་ཚོའི་གོ་མིང་ཞིབ་དཔྱད་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་འགན་ལེན་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་ཏང་ཀྲི་པུས་རིམ་རྩིས་བྱས་ན་དགེ་སློབ་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་30ལྷག་ཙམ་བསྒྲུབས་ཡོད།
བསམ་བློའི་སློབ་གསོ་ཏན་ཏིག་དང་ཞིབ་ཚགས་སྤེལ་བ།
སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་སློབ་མའི་བསམ་བློའི་སློབ་གསོའི་ཐད་འབད་བརྩོན་དང་བྱེད་ཐབས་གསར་གཏོད་བྱས་ཏེ། དམིགས་སུ་བཀར་ནས་སེམས་ཁམས་ཁྲིད་སྟོན་དང་། བཅའ་ཁྲིམས་ཁྱབ་གདལ་འཆད་ཁྲིད། སེམས་གསོ་གཏོང་བ་སོགས་བྱས་ཏེ་སློབ་མའི་སེམས་ནད་སེལ་གང་ཐུབ་བྱེད་ཀྱི་ཡོད།
སློབ་མའི་བསམ་བློའི་སློབ་གསོ་ཡག་པོ་རྒྱག་པར་རྩ་བ་དགེ་རྒན་ལ་ཐུག་ཡོད། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་དགེ་རྒན་གྱི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། ཉིན་ལྟར་ལས་བཟོའི་སྐད་འཕྲིན་ཚོགས་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དུས་ཚིགས་རེར་ཤེས་བྱའི་འགྲན་བསྡུར་སྤེལ་བ་མ་ཟད་དུས་བཀག་ལྟར་ཏང་ཡོན་གྱི་སློབ་ཚན་འཚོགས་ནས་ཚང་མས་ཉེ་འགྲམ་གྱི་དཔེ་མཚོན་བརྒྱུད་མྱོང་ཚོར་གླེང་སྟེ་དེ་སྔ་འགོ་ཁྲིད་ཀྱིས་སྡིངས་ཆའི་སྒང་ནས་བརྗོད་པ་དང་ཏང་ཡོན་གྱིས་གཤམ་ནས་ཉན་པའི་སློབ་སྦྱོང་གི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།
གཞི་རིམ་རྩ་འཛུགས་ཞུམ་མེད་སྟོབས་དང་ལྡན་པས་ཏང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནུས་ཆེ་ཞིང་། ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། འབྲེལ་ཡོད་ཀྱི་གཏན་འབེབས་དང་གོ་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་ཏང་ཀྲི་པུའུ་ལེགས་སྒྲིག་བྱས་ནས་གོ་རྟོགས་མཐོ་བ་དང་། བྱང་ཚད་མཐོ་བ། འཇོན་ཐང་ཆེ་བའི་ན་གཞོན་ཏང་ཡོན་ཁག་གཅིག་ཀྲི་པུའུ་ཚན་པའི་ནང་ཞུགས་སུ་བཅུག་ནས་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད།
སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་དངོས་སྒྲུབ་ལ་དམ་འཛིན་བྱས་ཚེ་ཁུངས་མེད་གཏམ་འཆལ་ལ་སྐྲག་མི་དགོས། ལས་བྱེད་པ་ལེགས་སྒྲིག་བྱེད་སྐབས་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ནས་བསོད་ནམས་དབང་གྲགས་སྦྱོང་བརྡར་ཁོའོ་ཡི་ཁོའོ་ཀྲང་གི་གོ་གནས་ཐོག་ནས་ལེགས་སྒྲིག་བྱས་པ་རེད།
རྒྱུན་གཏན་གྱི་ལེགས་སྒྲིག་ལ་བསམ་འཆར་སྣ་ཚོགས་ཐོན། དེར་བརྟེན་ཧྥན་ཀྲེན་ཆང་གིས་དུས་ཐོག་ཏུ་དགེ་རྒན་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྙིང་གཏམ་ཤོད་རེས་ཚོགས་འདུ་འཚོགས་ནས་བསོད་ནམས་དབང་གྲགས་ལ་གསལ་བཤད་བརྒྱབ་རོགས་བྱས་པས། བསོད་ནམས་དབང་གྲགས་ཀྱི་སེམས་ནད་བསལ་བ་མ་ཟད། ཤུགས་རྐྱེན་ངན་པའང་མེད་པ་བཟོས་པ་རེད།
“ཧྲུའུ་ཅི་ཧྥན་ལགས་ཀྱིས་ངའི་སེམས་ནད་བསལ་བ་མ་ཟད། རང་ཉིད་ཀྱི་བསམ་བློའི་ཐད་ཀྱི་མི་འདང་བའང་ཤེས་བྱུང་། སླད་ཕྱིན་ངས་ངེས་པར་དུ་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་མར་བསམ་བློ་མང་ཙམ་གཏོང་གི་ཡིན”ཞེས་བསོད་ནམས་དབང་གྲགས་ཀྱིས་བཤད།
ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཕན་འབྲས་དངོས་ཐོན་པ།
མངལ་འཁོར་ནས་ཟླ་བརྒྱད་སོང་བའི་ཟླ་བ་སྒྲོན་ལགས་ཀྱིས་གནམ་གཤིས་ཚ་བ་ཆེ་བར་མི་བལྟོས་པར་སློབ་མ་ཚོའི་འགུལ་སྟངས་ལ་ཡོ་བསྲང་ཡང་ཡང་བྱས་པ་མ་ཟད། སློབ་མ་ཚོར་དཔེ་སྟོན་ཡང་བྱས། སློབ་ཕྲུག་དེ་དག་སེམས་གཏིང་ནས་བློས་མི་ཐོངས་བར་བརྟེན་ཁོང་གིས་སྔོན་དཔག་གི་བཙའ་དུས་བར་དུ་རྒྱུན་འཁྱོངས་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།
ཟླ་བ་སྒྲོན་ལགས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པར་སློབ་མ་ཚོས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་དྲིན་ལན་འཇལ་ཡོད། 2023ལོའི་ཟླ་གསུམ་པར་ཟླ་བ་སྒྲོན་ལགས་ཀྱིས་རུ་སྣེ་ཁྲིད་དེ་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྙུགས་ཤེད་རྣམ་གྲངས་ཀྱི་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ལ་ཞུགས་པ་དང་། རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་འཐུས་མི་རུ་ཁག་ལ་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་2 ཟངས་ཀྱི་རྟགས་མ་1བཅས་ཐོབ་པ་དང་ཚེ་རིང་བསམ་གྲུབ་ལ་འགྲན་བསྡུར་ནང་སྨི་3000གི་འབྲིང་རྒྱུག་དང་རྒྱང་རྒྱུག་གི་ཨང་བརྒྱད་པ་བླངས་ཡོད།
སྤྱོད་ཚུལ་འགྱུར་ལྡོག་གཏོང་བར་གནད་དོན་མང་པོར་ཁ་གཏད་གཅོག་དགོས། རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་དང་འབྲེལ་ཡོད་ཀྱི་སློབ་མའི་སློབ་ཁུངས་ཀྱི་གནད་དོན་ལ་དམིགས་ཏེ། སློབ་གྲྭས་ཆེད་མངགས་ཚོགས་འདུ་འཚོགས་ནས་སློབ་བསྡུའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ལེགས་འདེམས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ལུས་རྩལ་སློབ་གྲྭའི་རྩལ་ཁྲིད་པས་གཙོ་བོར་བྱེད་པ་དང་ལུས་རྩལ་རྣམ་གྲངས་ཀྱི་ལྟེ་གནས་ཁག་གིས་མཉམ་འབྲེལ་ཐོག་སློབ་མ་བསྡུ་རྒྱུའི་གཏན་འཁེལ་བྱས་ཡོད།
སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ལུས་རྩལ་གྱི་གྲུབ་འབྲས་ལ་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ་རེད། ད་ཆ་གཡུ་སྒྲོན་ལྷ་མོ་དང་ཚེ་བརྟན་གཡུ་སྒྲོན་གྱིས་མཚོན་པའི་ལུས་རྩལ་སློབ་གྲྭའི་སློབ་མ་འབོར་ཆེན་ཞིག་ཆེད་ལས་ལུས་རྩལ་རུ་ཁག་ནང་ཞུགས་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་འགྲན་རར་བསྐྱོད་ནས་བྱ་དགའ་བླངས་ཏེ་ཀྲུང་གོ་དང་བོད་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད།
གསར་འགོད་པའི་ཟིན་བྲིས།
སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་སྲོལ་དང་སློབ་གྲྭའི་རྣམ་པ་ལེགས་སུ་བཏང་བ།
དགེ་རྒན་གྱིས་མི་གསོ་སྐྱོང་ལ་རྩེ་གཅིག་ཏུ་གཞོལ་བ་དང་། སློབ་མའི་གསོན་ཤུགས་རྒྱས་པ། སློབ་སྲོལ་གསར་པ་ངང་གིས་ཚོར་ཐུབ་པ་ལ་སོགས་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་ནང་བསྐྱོད་སྐབས་སློབ་གྲྭའི་དགེ་སློབ་ཡོངས་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན།
སློབ་གྲྭའི་དོ་དམ་སྐས་རིམ་གསར་པར་སླེབས་པ་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཕན་འབྲས་ཐོན་པ་བྱས་ནས་རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ཕན་འབྲས་དེ་ལང་ཚོའི་གསོན་ཤུགས་ཀྱིས་ཁེངས་པའི་སློབ་གྲྭར་མངོན་གྱི་ཡོད། སློབ་གྲྭའི་དགེ་རྒན་དང་ལས་བཟོ། ལྷག་པར་དུ་ཏང་ཡོན་ལས་བྱེད་པ་བཅས་རེ་རེ་ནི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ལག་བསྟར་བ་ཡིན་ལ། དེ་བས་ཕན་པ་ཐོབ་མཁན་ཡང་ཡིན།
སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་སྲོལ་དང་སློབ་གྲྭའི་རྣམ་པ་ལེགས་སུ་གཏོང་བར་རྒྱུན་སྲིང་ལག་བསྟར་དང་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཕན་འབྲས་དེ་སློབ་གྲྭའི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པ་བྱས་ཡོད།
(བསོད་བདེ་གཞོན་པ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)