《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན》
(2021ལོའི་ཟླ་8ཚེས་27ཉིན)
《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་ཉིང་བཅུད་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་དང་ལག་བསྟར་བྱེད་དགོས། རྩོམ་ཡིག་ནང་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
《རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས》
(2021ལོའི་ཟླ་12ཚེས་3ཉིན)
《རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་ཡག་པོ་སྒྲུབ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་དང་ཀྲུང་གོ་ཅན་གྱི་ཆོས་ལུགས་མངོན་འགྱུར་བྱུང་ཚེ། གཞི་ནས་རང་རྒྱལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་ཕན་ཐོགས་པ་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ།
《འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས》
(2022ལོའི་ཟླ་1ཚེས་11ཉིན)
《འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད། རྩོམ་ཡིག་ནང་བསྟན་དོན། འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་རྩ་བའི་རང་བཞིན་གྱི་གནད་དོན་རེད། འཐབ་ཇུས་ཐད་བརྡར་ཤ་གཅོད་ནུས་གནད་ལ་འཁེལ་བ་དང་། འཐབ་ཇུས་ཐད་ཇུས་འགོད་ཚན་རིག་དང་མཐུན་པ། འཐབ་ཇུས་ཐད་རང་དབང་ཡོད་པ་བཅས་བྱུང་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད། ཡང་དག་པའི་འཐབ་ཇུས་ཡང་དག་པའི་ཐབས་ཇུས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས་པ་དང་འཐབ་ཇུས་ཀྱི་འགྱུར་མེད་རང་བཞིན་དང་ཐབས་ཇུས་ཀྱི་སྐབས་བསྟུན་རང་བཞིན་ཟུང་འབྲེལ་བྱེད་དགོས། རྩོམ་ཡིག་ནང་ནན་བཤད་བྱས་དོན། རང་རེའི་ཏང་ནི་ཏང་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཆེན་པོ་ཞིག་གི་སྣེ་ཁྲིད་ནས་བྱ་གཞག་རླབས་པོ་ཆེ་སྒྲུབ་བཞིན་ཡོད་པས། འཐབ་ཇུས་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་ཤོར་མི་རུང་། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་དང་ཐབས་ཇུས་དག་ངེས་པར་དུ་ལག་བསྟར་བྱས་ཏེ། ཁ་ཕྱོགས་མི་འཛོལ་བ་དང་། འགྱུར་བ་མི་གཏོང་བ། རྣམ་པ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)