《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月27日

ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཁྲིམས་ལྟར་བོད་སྐྱོང་ནི་རྩ་དོན་གལ་ཆེན་ཨང་དང་པོ་ཡིན་པའི་ཆ་ནས། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ས་གནས་ཀྱི་ཞིབ་ཕྲའི་ལག་ལེན་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་འགན་ལེན་ཡང་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་ཀྱི་བསམ་བློ་ལག་ལེན་བསྟར་ཐོག་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་དང་། ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་པས། ཁྲིམས་འཛུགས་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཁྲིམས་འཛིན་ཁྱབ་ཁོངས་སྒྱུར་བཅོས་ལ་ཚད་བརྒལ་བྱུང་བ། གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་བ། ཁྲིམས་འཛིན་གྱི་སྤུས་ཚད་དང་། ཕན་འབྲས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཆེས་ཆེར་མཐོ་རུ་ཕྱིན་པ་བཅས་བྱུང་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། ད་དུང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་བོད་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་འགན་ལེན་ཐུབ་ནས། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

ཁྲིམས་ལྟར་བོད་སྐྱོང་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཐོག ཁྲིམས་ལྟར་བོད་སྐྱོང་ལས་དོན་དེ་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་གི་ལྟ་བ་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ཁྲིམས་སྐྱོང་གི་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ། དྲང་གཞག་ཁྲིམས་འཛིན་དང་ཡ་རབས་ཁྲིམས་སྒྱུར་ཚད་ལྡན་དུ་བཏང་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་འགལ་བ་སེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་སྒྲུབ་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྔར་བས་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལྷག་པར་དུ་གྲོང་གསེབ་དང་། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་ཁྲིམས་སྐྱོང་རིག་གནས་གཡུལ་ས་འཛུགས་སྐྲུན་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་ཚོར་རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་བ་དང་། རང་རྟོགས་ངང་བཅའ་ཁྲིམས་ཀྱི་འོས་འགན་སྒྲུབ་པ། བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཧུར་ཐག་བཅས་བྱས་ཏེ། སྒྲིག་བཀུར་ཁྲིམས་སྲུང་གི་སྤྱི་དམངས་ཡག་པོ་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་བཅའ་ཁྲིམས་བརྩི་སྲུང་ཞུ་བ་དང་། ལས་དོན་གཉེར་བར་བཅའ་ཁྲིམས་ལ་བརྟེན་པ། གནད་དོན་འཕྲད་ཚེ་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་བར་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)