འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་མར་ཏི་ཝེ་ལ“བོད་ཀྱི་ཆུ་བཟང”ཞལ་འདེབས་འབུལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་ཟླ་11པར་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་མར་ཏི་ཝེ་ལ་འཚམས་འདྲིར་བསྐྱོད་ནས། མར་ཏི་ཝེར་ཚྭ་མེད་ཆུའི་ཐོན་ཁུངས་དཀོན་པ་ཤེས་རྗེས་མར་ཏི་ཝེ་ཕྱོགས་ལ་བོད་ནས་ཐོན་པའི་འཁྱགས་རོམ་གཏེར་ཆུ་ཁག་གཅིག་ཞལ་འདེབས་ཕུལ་ཏེ་མར་ཏི་ཝེ་ཡི་ལས་རིགས་ཁག་གི་མི་སྣར་བྲོ་བ་བལྟ་རྒྱུར་མཁོ་འདོན་བྱས་པ་མ་ཟད། དཔལ་འབྱོར་ཚོང་དོན་མཉམ་ལས་བྱས་ནས“བོད་ཀྱི་ཆུ་བཟང”ཨེ་ཤེ་ཡའི་ལྷོ་མའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། ཞལ་འདེབས་འབུལ་བའི་ལས་དོན་སྤེལ་འགོ་ཚུགས་པ་ནི་འཐུས་མི་ཚོགས་པས་མར་ཏི་ཝེ་ལ་འཚམས་འདྲི་བྱས་པའི་གྲུབ་འབྲས་དོན་འཁྱོལ་དང་ཀྲུང་གོའི་བོད་ལྗོངས་དང་མར་ཏི་ཝེའི་དབར་གྱི་མཛའ་མཐུན་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་། “བོད་ཀྱི་ཆུ་བཟང”ཕྱི་རྒྱལ་ཁྲོམ་རར་རྒྱ་སྐྱེད་དང་བོད་དེ་ཉིད་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པར་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག ཉེ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་བྱ་སྤྱོད་ཅིག་བཅས་རེད།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དབྱང་ལིན་གྱིས། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས། མར་ཏི་ཝེ་སོགས་ཉེ་འཁོར་རྒྱལ་ཁབ་དང་ཡུལ་སྐོར་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། གཏེར་ཆུ། ཡང་བའི་བཟོ་ལས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ལ་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པ། བོད་ཀྱི་ཡུལ་ཟོག་གི་སྤུས་རྟགས་གཏོད་པ་དང་ཁྲོམ་རར་ཞུགས་པར་རོགས་རམ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
(མཚམས་གཅོད་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)