《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月27日

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱས་པ།

གླ་ཕོགས་ལེན་རོགས་ཧུར་ཐག་བྱས། ཁེ་དབང་བསྲུངས་ནས་དྲོ་སྐྱིད་སྦྱིན།

ཞིང་པ་ལས་མིའི་གླ་ཕོགས་རག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། ཞིང་པ་ལས་མིའི་གླ་ཕོགས་གནད་དོན་ལ་དམིགས་ཏེ་རྡུང་རྡེག་དང་། སྲུང་སྐྱོང་། ལྟ་སྐུལ་བཅས་གལ་ཆེ་མཉམ་དུ་འཛིན་པའི་ཕྱོགས་བསྡུས་སྲུང་སྐྱོང་རྣམ་པ་ཞིག་བཏོད་པ་དང་། གཏུག་བཤེར་གོང་འདུམ་འགྲིག་དང་། དམངས་དོན་རྒྱབ་སྐྱོར་ཞུ་གཏུག ཉེས་དོན་རྡུང་རྡེག གཏུག་ཁུངས་བཅོས་སྒྲིག་སོགས་ཀྱི་བྱེད་སྟངས་བརྒྱུད། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས། ཞིང་པ་ལས་མིར་ཁྲིམས་ལྟར་གླ་ཕོགས་རག་པར་རོགས་རམ་དང་ཁྲིད་སྟོན་བྱས་ཡོད། 2023ལོར་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་དང་འབྲེལ་བའི་གྱོད་གཞི་ཁག་62ཐག་གཅོད་བྱས་ནས། ཞིང་པ་ལས་མིར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་355.81མི་ཕོག་པར་བྱས་པ་རེད།

གཏུག་བཤེར་གོང་གི་འདུམ་འགྲིག་ཧུར་ཐག་བྱས་ཏེ་འགལ་བའི་འབྱུང་རྩ་ཧུར་ཐག་བསལ་བ།

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་བྱེད་རིང་། ཕྱོགས་གཉིས་པོའི་དོ་བདག་དབར་གྱི་འགལ་བ་ཁྲིམས་ལྟར་བསལ་ཏེ་ཕྱོགས་གཉིས་པོའི་དབར“ལག་བཏང་འཆམ་མཐུན”གྱིས་ཕན་ཚུན་འདུམ་འགྲིག་བྱུང་བ་དང་། སྤྱི་ཚོགས་ཀྱི་འབྲེལ་བ་ཡག་ཏུ་སོང་བ། གྱོད་གཞི་སྒྲུབ་གཉེར་ཡག་པོ་བཅས་བྱུང་ནས། འབྱུང་རྩ་ནས་འགལ་བ་ཧུར་ཐག་བསལ་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་ཡོད་པ་རེད།

འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལྷོ་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མང་ཚོགས་ཀྱིས་ངལ་རྩོལ་གླ་ཕོགས་བདའ་འདེད་ཚུར་ལེན་བྱེད་པའི་གྱོད་གཞི་ཁག་2འདུམ་འགྲིག་བྱས་ནས། སྲས་ཤང་དཀོན་བྲང་ཕུ་གྲོང་ཚོ་དང་བན་པ་ཤང་གི་བར་རི་གྲོང་ཚོའི་ཞིང་པ་ལས་མི་114ཡི་གླ་ཕོགས་སྒོར་ཁྲི་65ལྷག་ཙམ་བདའ་འདེད་ཚུར་ལེན་བྱེད་རོགས་བྱས་པ་རེད།

དམངས་དོན་རྒྱབ་སྐྱོར་ཞུ་གཏུག་བརྒྱབ་ནས་ཞིང་པ་ལས་མིར་ཁྲིམས་ལྟར་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས་པ།

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་དོ་བདག་གིས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་པར་ཁྲིམས་ལྟར་རྒྱབ་སྐྱོར་བྱས་ནས་ཞིང་པ་ལས་མིར་ཁེ་དབང་སྲུང་རོགས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་རྫོང(ཆུས་དང་གྲོང་ཁྱེར)ཞིབ་དཔྱོད་ཁང་གིས་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་སུ་རྒྱབ་སྐྱོར་ཞུ་གཏུག་གི་སྣེ་ལེན་སྐར་ཁུང་བཀོད་སྒྲིག་བྱས་ཡོད། སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཚན་པ་མང་པོ་དང་མཉམ་དུ《རྒྱབ་སྐྱོར་ཞུ་གཏུག་གིས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་ལས་ཀའི་འབྲེལ་གཏུག་ལམ་སྲོལ》ལ་མིང་རྟགས་བཀོད་པ་དང་ཆབས་ཅིག སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་རྒྱབ་སྐྱོར་ཞུ་གཏུག་ལས་སྟེགས་བཀོད་སྒྲིག་བྱས་ཏེ། དམངས་ཆེད་ཁྲིམས་འཛིན་གྱི“ཐོགས་མེད་བགྲོད་ལམ”བཏོད་ནས་ཞིང་པ་ལས་མིས་ཞུ་གཏུག་རྒྱག་པར་རྒྱབ་སྐྱོར་བྱེད་པ་དང་དེ་དང་འབྲེལ་བའི་བློ་འདྲི་དང་། བསམ་འདུན་བསྐྱར་ཞུ། ཐེར་འདོན་སོགས་ལ་དམིགས་ནས། དུས་ཐོག་ཏུ་སྣེ་ལེན་དང་། དུས་ཐོག་ཏུ་སྒྲུབ་གཉེར། དུས་ཐོག་ཏུ་ལན་འདེབས་པ་སོགས་བྱས་ཡོད།

འདི་ལོའི་ཟླ་དང་པོར་ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“འགྱངས་ཆད་གཉིས”ཀྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་རིང་། ཁོངས་གཏོགས་ཁུལ་གྱི་ཀུང་སི་ཞིག་གིས་ཕུན་ཆེ་གེ་མོ་སོགས་ཞིང་པ་ལས་མི་12ཀྱི་གླ་ཕོགས་སྒོར་ཁྲི་4.1འགྱངས་ཆད་བྱས་ནས་ཕན་ཚུན་གྲོས་བསྡུར་ཐེངས་མང་བྱས་རུང་གནད་དོན་ཐག་གཅོད་བྱུང་མེད་པ་ཤེས། ཁང་དེས་རང་འགུལ་ངང་ཞིང་པ་ལས་མི་དང་འབྲེལ་བ་བྱས་ནས། ཞིབ་དཔྱོད་ཀྱི་རྒྱབ་སྐྱོར་ཞུ་གཏུག་རྒྱག་པའི་འགན་ནུས་དྲིལ་བསྒྲགས་བྱས་ཏེ། ཁོང་ཚོར་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས་ཡོད། དེ་རྗེས་ཕུན་ཆེ་གེ་མོས་ཞིང་པ་ལས་མི་12ཀྱི་ཚབ་བྱས་ཏེ་རྒྱབ་སྐྱོར་ཞུ་གཏུག་གི་རེ་འདུན་ཞུ་ཡིག་བསྐྱལ་ནས། ཞིབ་དཔྱོད་ལས་ཁུངས་ལ་གླ་ཕོགས་ལེན་རོགས་ཀྱི་རེ་ཞུ་བྱས། ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ་གྱོད་གཞི་བདག་སྤྲོད་བྱས་པ་དང་བརྟག་དཔྱད་དང་ཞིབ་བསྡུར་ཐེངས་མང་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་དབར་ཕན་ཚུན་གྲོས་མཐུན་བཞག་སྟེ། 2024ལོའི་ཟླ་1ཚེས་19ཉིན་ཞིང་པ་ལས་མི་12ཀྱི་གླ་ཕོགས་ཚང་མ་སྤྲད་པ་རེད།

ཉེས་དོན་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་བསྲུངས་པ།

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ངལ་རྩོལ་གླ་ཕོགས་གཏན་ནས་མི་སྤྲོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཁར། ཞིབ་དཔྱོད་འགན་ནུས་ལ་བརྟེན་ནས་དམངས་འཚོ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་གཅིག་ནས་ཁྲིམས་འཛིན་གྱོད་སྒྲུབ་ལ་གཞི་ཚུགས་ཏེ། གནས་ཚུལ་ཚབས་ཆེ་རིགས་དང་། མཇུག་འབྲས་ངན་རིགས། གཏོང་སྤྲོད་འོས་འགན་གཏན་ནས་མ་བསྒྲུབས་པ་བཅས་ཀྱི་ཉེས་གསོག་དོགས་ཅན་ལ་ཁྲིམས་ལྟར་རྡུང་རྡེག་དང་ཆད་པ་ནན་པོ་བཅད་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་དབང་སྲུང་བ་དང་ཁེ་ལས་ལ་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། གྱོད་གཞིའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་ཏེ། ནག་ཉེས་ངོས་ལེན་ཞུ་རིགས་ལ་ཆད་གཅོད་གུ་ཡངས་ལམ་ལུགས་དང་། དམངས་གཉེར་ཁེ་ལས་སྲུང་སྐྱོང་ལམ་ལུགས། ཁེ་ལས་སྒྲིག་མཐུན་སྒྱུར་བཅོས་ལམ་ལུགས་སོགས་སྤྱད་པ་བརྒྱུད། གནས་ཚུལ་མངོན་གསལ་དོད་པ་དང་ཚབས་ཆུང་བ་དང་། དུས་ཐོག་ཏུ་མ་དངུལ་གྲབས་གསོག་གིས་སྤྲོད་ཐུབ་པའི་གནས་ཚུལ་ལ་དམིགས་ནས། ཁྲིམས་ལྟར་འཛིན་བཟུང་མི་བྱེད་པ་དང་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་བྱས་པས། ཞིང་པ་ལས་མིའི་གླ་ཕོགས་བླངས་ཐུབ་པ་མ་ཟད། ཁེ་ལས་གཉེར་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་སེམས་འགུག་ཐུབ་པ་བྱས་ཡོད།

བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་དམངས་ཡོངས་ཀྱི་ཁྲིམས་སྲུང་དང་ཁྲིམས་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ།

ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་བཅའ་ཁྲིམས་ཁྱབ་གདལ་མེད་ཐབས་མེད། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“སུས་ཁྲིམས་སྒྱུར་བྱས་པ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཁུངས་དང་། སྡེ་ཁུལ། ཁེ་ལས། ལས་ཡུལ་སོགས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “བར་ཐག་ཉེ་པོས”བཅའ་ཁྲིམས་ཁྱབ་གདལ་དང“ངོ་འཕྲད”སྒོ་ནས་དོགས་གནད་ལ་ལན་འདེབས་པ་སོགས་ཀྱི་བྱ་ཐབས་བརྒྱུད། མི་སྤྱོད་ཚན་པ་དང་ཞིང་པ་ལས་མིར་འབྲེལ་ཡོད་ཞིང་པ་ལས་མིའི་ཁེ་དབང་འགན་ལེན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ཏེ་མི་སྤྱོད་ཚན་པས་ཁྲིམས་ཤེས་པ་དང་སྲུང་བ་དང་ངལ་རྩོལ་པས་ཁེ་དབང་ཤེས་པ་དང་སྲུང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད།