2024ལོའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྐབས་གསུམ་པར་མཐོ་རླབས་གསར་པ་ཞིག་འཕྱུར་ཉེར་ཡོད།
ལོ་གསུམ་རིང་། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ལོ་གསུམ་རིང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་སྔོན་ཐོན་དཔེ་མཚོན་དང་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་འབོར་ཆེན་ཞིག་ཐོན་པ་དང་། ལོ་གསུམ་རིང་། བོད་བྱང་ཐང་གི་བུ་ཕྲུག་ཚོས་མི་དཀྱུས་མའི་ནུས་པར་བརྟེན་ནས་མུ་མཐའ་མེད་པའི་བོད་བྱང་ཐང་གི་ས་གཞི་ཆེན་པོར་བཀྲག་མདངས་འཚེར་བར་བྱས་པ་དང་མི་སེམས་འགུལ་བའི་བོད་བྱང་ཐང་གི་གཏམ་རྒྱུད་བརྩམས་ཡོད།
བློ་སྟོབས་ཆེ་ལ་འབད་བརྩོན་ལྷོད་མེད་བྱེད་མཁན་དབང་པོ་སྐྱོན་ཅན་ལག་ཤེས་བཟོ་རྩལ་པ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་བུད་མེད་རོལ་དབྱངས་མཁས་ཅན། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ལས་གཏོད་བྱེད་ཕོད་པའི་རླངས་འཁོར་ཉམས་བཟོ་བ། སྙིང་རུས་ཆེ་ལ་སློབ་སྦྱོང་ལ་དགའ་ཞིང་འབད་བརྩོན་ལྷོད་མེད་བྱེད་མཁན་གཞི་རིམ་གྱི་སྒྲོག་འགྲེལ་པ་སོགས་མི་སྣ་དཀྱུས་མ་གྲངས་ལས་འདས་པས་ཁྱབ་ཁོངས་མི་འདྲ་བར་འབད་འབུངས་བྱེད་བཞིན་ཡོད། གལ་ཏེ་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མང་ཚོགས་ནི་འབད་འབུངས་ཡར་བརྩོན་བྱེད་སྒོའི་ཕུལ་བྱུང་འཐུས་མི་ཞིག་ཡིན་ཞེས་བརྗོད་ཚེ། བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་མཁན་མང་ཚོགས་དེ་དག་དང་ཐ་ན་བྱ་དགའ་གང་ཡང་ཐོབ་མེད་པའི་མང་ཚོགས་ཚོས་འབད་འབུངས་ཡར་བརྩོན་བྱེད་སྒོའི་ནང་སྐད་གྲགས་གང་ཡང་མེད་པའི་མི་ཚོགས་ཀྱི་ཚབ་དེ་བས་བྱེད་ཐུབ་ཀྱི་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
“གེགས་བར་གང་ཞིག་བྱུང་རུང་ང་ཚོས་ལྟ་སྟངས་ཡང་དག་འཛིན་དགོས་ངེས་རེད། དབང་པོ་སྐྱོན་ཅན་ཡིན་ཡང་སློབ་སྦྱོང་ལ་འབད་བརྩོན་གྱིས་ཡར་རྒྱས་ཡོང་བར་བྱས་ན་ཡག་པོ་རེད”ཅེས་པ་ནི་ཏང་ཡོན་རྒན་གྲས་ཡིན་པའི་ཨ་ཕ་ཞིག་གིས་སྐབས་ཤིག་རིང་འཚོ་བ་བློས་གཏོང་དང་རང་གིས་རང་ལ་བློ་ཕམ་ཆེན་པོ་སྐྱེ་མཁན་གྱི་བུ་མོ་སྐལ་བཟང་ཆོས་སྒྲོན་ལ་བཤད་པའི་སྐད་ཆ་ཞིག་རེད། ཁོ་མོའི་རྐང་པ་གཉིས་ཀ་ལྷན་སྐྱེས་རང་བཞིན་གྱི་དབང་པོ་སྐྱོན་ཅན་ཡིན་ལ་མཛུབ་མོའང་མེད་མོད། འོན་ཀྱང་ཨ་ཕའི་ལྕག་སྐུལ་འོག་ཁོ་མོས་རང་ཉིད་ཀྱི་གཟུགས་པོའི་ཞན་ཆ་ཁྱད་བསད་བྱས་ནས་འཁེལ་འཐག་དང་འཚེམ་འདྲུབ་རྒྱག་པ་སོགས་ལག་ཤེས་བཟོ་རྩལ་རང་སྦྱོང་བྱས་པ་མ་ཟད། འབད་བརྩོན་ལྷོད་མེད་ཀྱིས་སྦྱོང་བརྡར་ཐེངས་མང་བྱས་པ་བརྒྱུད་སྐལ་བཟང་ཆོས་སྒྲོན་ཁྱིམ་མཚེས་ཁྲོད་སྐད་གྲགས་ཆོད་ཡོད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་དྲིལ་བསྒྲགས་ཁྲོད་སྐལ་བཟང་ཆོས་སྒྲོན་གྱིས་གྲོང་ཁྱེར་ཡོངས་སུ“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པ་ཤེས་རྗེས། འཕྲལ་མར་མིང་ཐོ་བཀོད། མ་གཞི་བྱེད་སྒོའི་ཁྲོད་རང་ཉིད་ཀྱི་འཁེལ་འཐག་ལག་རྩལ་སྟོན་ཙམ་བྱེད་འདོད་མོད་འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་འགྲན་བསྡུར་ཁྲོད་གྲོང་ཚོ་དང་། ཤང་། རྫོང་བཅས་རིམ་པ་གསུམ་གྱིས་འདེམས་སྒྲུག་བྱས་རྗེས་ཁོང་གི་རྩེར་སོན་གྱི་ལག་རྩལ་དང་སྤུས་ལེགས་ཀྱི་བརྩམས་ཆོས་ཀྱིས་དཔྱད་འདེམས་པ་ཚོའི་ཡིད་དབང་བཀུག་ནས་སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་འཁེལ་འཐག་ལག་རྩལ་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཁྲོད་ཨང་གཉིས་པ་ཐོབ་པ་རེད།
འཁེལ་འཐག་ལག་རྩལ་གྱིས་ཁོང་གི་རྐང་པ་གཉིས་ཀ་སྐྱོན་ཅན་ཡིན་པའི་མི་ཚེའི་ཁྲོད་ཀྱི་སྐྱོན་ཆ་དེ་བསལ་བ་མ་ཟད། རང་ཉིད་ཀྱི་མི་ཚེའི་རིན་ཐང་ཡང་མངོན་ཐུབ་པ་བྱུང་ཡོད། ཁོང་མི་གཞན་ལ་རོགས་རམ་བྱེད་པར་ཧ་ཅང་དགའ་བས་རང་ཉིད་ཀྱི་ལག་རྩལ་སེམས་རྩ་འཁོལ་པོས་ཁྱིམ་མཚེས་དང་། གཉེན་ཉེ། གྲོགས་པོ་བཅས་ལ་སློབ་པ་མ་ཟད། ཕ་ཡུལ་གྱི་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བར་བརྟེན་གྲོང་ཚོའི་ནང་ལས་ཞུགས་ལ་སྣེ་ཁྲིད་བྱེད་མཁན་འཇོན་ཐང་ཅན་དུ་འོས་སྦྱོར་བྱས་ཡོད།
སྐབས་དང་པོའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་ཁྲོད་པད་མ་མཚོ་མོ་སྐད་གྲགས་ཆོད་ཡོད། ཁོང་གིས་སྐད་གསང་མཐོ་བའི་སྙན་འཇེབས་གླུ་དབྱངས་དང་། བྱང་ཆུབ་པའི་གླུ་གཞས་གཏོང་རྩལ། ལྷད་མེད་ཀྱི་བརྩེ་སེམས་བཅས་ཀྱི་ཐོག་ནས་ནག་ཆུའི་ས་གཞི་དེར་བཅངས་པའི་བརྩེ་སེམས་མངོན་པར་བྱས་པས་བདམས་ཐོན་པ་ཁག་གཅིག་གི་ཁྲོད་འབུར་དུ་ཐོན་ཏེ་ཚ་ཆུ་ཤང་གི་ཨང་དང་པོ་དང་འབྲི་རུ་རྫོང་གི་ཨང་གསུམ་པ་ཐོབ་ཡོད།
འབྲི་རུ་རྫོང་ལ་ད་དུང་སྐབས་དང་པོ་དང་སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་རྫོང་རིམ་པའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ནོར་བཟང་ནི་རླངས་འཁོར་ཉམས་བཟོ་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས“ང་ཚོས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་དང་བློ་རྩེ་གཅིག་སྒྲིམ་གྱིས་རླངས་འཁོར་ཉམས་བཟོ་བྱས་ནས་རླངས་འཁོར་ཉམས་བཟོའི་སྤུས་ཚད་འགན་ལེན་བྱས་ཚེ་ཁ་ལོ་བ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཏེ་ཁོང་ཚོ་དགའ་སྤྲོའི་ངང་ལས་ཀ་བྱེད་ཐུབ”ཅེས་བཤད།
ཞབས་ཞུའི་འདུ་ཤེས་དེ་ལྟ་བུ་རྒྱུན་འཛིན་བྱས་ནས་ནོར་བཟང་གིས་རང་ཉིད་ཀྱི་ནུས་པར་བརྟེན་ཏེ་གྲོང་ཚོར་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་ནས་རང་ཉིད་ཀྱི་ལག་རྩལ་རླངས་འཁོར་ཉམས་བཟོ་ཁང་གི་ལས་མི་ཚང་མར་བསླབ་སྟེ་གྲོང་ཚོ་དེ་གའི་དུད་ཚང་8ཀྱི་མི་60ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྐུལ་འདེད་འོག་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་ཁྲོད་ཞིང་འབྲོག་ཁུལ་གྱི་རྩལ་ནུས་ཤེས་ལྡན་མི་སྣ་1164ཤེས་རྟོགས་ཐུབ་པ་དང་མི་876ལས་ཞུགས་དང་མི་288རང་བརྟེན་ལས་གཏོད་ཐུབ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་4946.94བྱུང་ཡོད།
མི་དཀྱུས་མ་རྣམས་ཀྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་ཁྲོད་གཡུར་ཟའི་གྲུབ་འབྲས་བཏོད་པ་དང་སྤྱིར་བཏང་མིན་པའི་ལག་ཤེས་པ་རྣམས་བྱེད་སྒོའི་ཁྲོད་གཟེངས་སུ་ཐོན་ནས་ཁོང་ཚོས་རང་ཉིད་ཀྱི་བྱས་རྗེས་ལ་བརྟེན་ཏེ་གནས་དེར་ངོ་མཚར་གཏོད་བཞིན་ཡོད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)