ཉེ་ཆར། གསར་འགོད་པས་ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2023ལོར་རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཀྱི་བསམ་འདུན་དང་བླང་བྱ་གསར་པར་དམ་པོར་དམིགས་ནས་གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ལས་གཏོད་ལས་ཞུགས་ལ་རམ་འདེགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་བ།
2023ལོར་རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ་དང་བུད་མེད་ཀྱིས་བྱས་རྗེས་འཇོག་པའི་རིམ་སྤེལ་བྱེད་སྒོར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བུད་མེད་དང་བྱིས་པའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2023ལོའི་ལོ་འཁོར་གྱི“ཨ་ཅག་གི་འཇོན་ཐང”གི་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་གསོ་སྦྱོང་གསར་གཏོད་ཀྱིས་གསོ་སྦྱོང་སློབ་མའི་དགོས་མཁོ་དངོས་ལ་དམིགས་ཏེ་སློབ་ཚན་བཀོད་སྒྲིག་དང་། ཀུའེ་ཀྲོའུ་ཀུའེ་དབྱང་དང་ཙུན་དབྱི་རུ་གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ས་གནས་ས་ཐོག་ཏུ་སྤུན་ཟླའི་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་གྲུབ་འབྲས་ཉམས་མྱོང་དང་བུད་མེད་བྱ་སྤྱོད་ཀྱི་ལག་ལེན་ཤེས་རྟོགས་བྱས་པ། མ་དངུལ་སྒོར་ཁྲི་29ལྷག་ཙམ་བརྩོན་ལེན་བྱས་ནས་དྲ་ཐོག་ཚོང་དོན་ཐད་གཏོང་གསོ་སྦྱོང་དང་གཉེར་བ་སྒྲིག་འཛུགས་བྱས་ཏེ་ཨ་ལི་པ་པ་ཚོགས་པའི་སྤྱི་ཁྱབ་པུའུ་རུ་ས་གནས་ས་ཐོག་ཏུ་དྲ་ཐོག་ཚོང་དོན་འཁོར་སྐྱོད་བྱེད་སྟངས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ། “བུད་མེད”རྟགས་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་པ་དང་སྐྱེད་སྲིང་བྱས་པས་བོད་ལྗོངས་རྒྱ་སེ་མེ་ཏོག་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དེ་རྒྱལ་ཡོངས་བུད་མེད་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞིའི་གྲས་སུ་ཚུད་པ། རོགས་སྐྱོར་མ་དངུལ་སྒོར་ཁྲི་20བཏང་ནས་རང་སྐྱོང་ལྗོངས་རིམ་པའི་བུད་མེད་ཀྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་10སྐྲུན་རོགས་བྱས་པ། མི་སྤྱི་སྡེ་ཚན་གྱི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི་371བཏང་སྟེ་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་ཕྱོགས་ཏེ་རྒན་གསོ་དང་། ལྟ་སྐྱོང་། གཡོས་སྦྱོར། ལས་གཏོད། འཁལ་འཐག་སོགས་གསོ་སྦྱོང་བྱས་ཡོད།
ཁྱིམ་སྲོལ་འཛུགས་སྐྱོང་མངོན་གསལ་དོད་དུ་བཏང་ནས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་པ།
རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“ཁྱིམ་ཚང་བདེ་སྐྱིད་ཁམས་བཟང་གི་འདུ་འགོད”ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཁྱིམ་ཚང་སློབ་གསོའི་ཁྱིམ་སྲོལ་དང་བུད་མེད་ཀྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་ཟབ་ཏུ་བཏང་ཡོད།
2023ལོར་རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”1000ཡི་ཁྲོད་རང་ལྗོངས་ཀྱིས་འོས་སྦྱོར་བྱས་པའི་ཁྱིམ་ཚང་26མིང་གྲལ་དུ་ཚུད་པ་དང་། རང་ལྗོངས་ཀྱིས་ད་དུང་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”120ཁྱབ་བསྒྲགས་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཚང་གིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཀུན་སྤྱོད་ལ་སྣང་ཆེན་དང་ཁྲིམས་སྲུང་། དགེ་སྒྲུབ་བཅས་ལ་དཔེ་སྟོན་སྣེ་ཁྲིད་བྱས་ཡོད།
ཁྱིམ་སྲོལ་འཛུགས་སྐྱོང་མངོན་གསལ་དོད་དུ་གཏོང་བའི་ཐད་རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོའི་སྐོར་སྐྱོད་གཏམ་བཤད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་དུས་མཚུངས་ཀྲུང་གོའི་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་གི་རྒྱབ་སྐྱོར་འོག་བོད་ཀྱི་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ“ཁྱིམ་ཚང་འཆམ་མཐུན་བྱ་གཞག་དར་ཞིང་རྒྱས—ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གཉེར་ནས“ཁྱིམ་ཚང་འཆམ་མཐུན་བྱུང་ན་བྱ་གཞག་མཐའ་དག་དར་ཞིང་རྒྱས་པའི”གཏམ་རྒྱུད་བརྗོད་དེ་ཁྱིམ་ཚང་གི་ཀུན་སྤྱོད་བཟང་པོ་དང་དྲང་ནུས་གཅིག་སྡུད་དང་བརྒྱུད་སྤྲོད་བྱས་ཡོད།
ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གིས་སྤྱི་ཕན་རོགས་སྐྱོབ་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ།
བུད་མེད་ཀྱི་ཁེ་དབང་འགན་སྲུང་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ། ཁྱིམ་ཚང་གི་སློབ་གསོར་སྐུལ་སྤེལ་སོགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲིམས་འཛུགས་རྒྱུ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ནང་བཅུག་ཡོད།
གཞི་རིམ་གྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པའི་ཐད་རང་ལྗོངས་ཀྱི་མཉམ་སྡེབ་16དང་མི་སྒེར་16ལ་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཁུལ་དང་གྲོང་ཁྱེར་གྱི་12338ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས(ལས་གནས)བུད་མེད་དང་བྱིས་པའི་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་སོགས་འཐབ་སའི་ནུས་པ་འདོན་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཡིག་བསྐུར་ངོ་བཅར་བྱེད་མཁན་བུད་མེད་ལ་གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་བ་འདུམ་འགྲིག་དང་། བཅའ་ཁྲིམས་བློ་འདྲི། སེམས་གསོ་གཏོང་བ། གཅེས་སྐྱོང་རོགས་སྐྱོར་སོགས་ཀྱི་ཞབས་འདེགས་ཞུས་ཡོད། གཞན་ཡང་། ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཁྱིམ་ཚང་། ཕྱོགས་མི་བུད་མེད་བཅས་ལ“སྐྱེད་མའི་སྦྲག་བསྐུར”1500སྤྲད་པ་དང་། “དཔྱིད་ཀྱི་ཐིའུའི་འཆར་གཞི”ལག་བསྟར་གཏིང་ཟབ་བྱས་ཏེ་ན་ནིང་རིམ་རྩིས་བྱས་ན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་དངུལ་སྒོར་ཁྲི་133ལྷག་ཙམ་སྤྲད་པས་བུ་མོ་བྱིས་པ་མི་ཐེངས་428ལ་ཕན་པ་ཐོབ་ཡོད། ཀྲུང་གོ་ལོ་ཆུང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི“དགའ་གཅེས་ཀྱི་བྱ་སྤྱོད”ཀྱིས་རྒྱབ་སྐྱོར་བྱས་པའི་སྤུན་དོག་རྒྱ་མ་1000གིས་གཅེས་སེམས་སྦ་ལན་1500བསླས་ཏེ་དཀའ་ངལ་ཡོད་པའི་བྱིས་པར་སྤྲད་པ་རེད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)