《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月26日

རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ།

དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་གིས། མཉམ་དུ་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ།

པར་①ནི་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

པར་②ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་འཛོམས་བྱས་ཏེ་ཐང་ཡོན་བཟོས་ནས་དང་པོའི་བཅོ་ལྔའི་དུས་ཆེན་གཏོང་བཞིན་པ།

པར་③ནི་ལྷ་སའི་གྲོང་མིས་གབ་ལན་རྒྱག་བཞིན་པ།

ལུགས་རྙིང་ལོའི་ཟླ་1ཚེས་15ཉིན། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལྒང་བཞུར་ལྟ་བ་དང་། གབ་ལན་འཚོལ་བ། ཐང་ཡོན་ཟ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོའི་ཁྲོད་དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ་རེད།

ཚེས་23ཉིན། འཁྲུག་ཆ་དོད་པའི“ང་ཚོའི་དུས་ཆེན·དང་པོའི་བཅོ་ལྔ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་སྤེལ་ཞིང་། དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པའི་ཁྲོད་ཞབས་བྲོ《ཟླ་བའི་གཞོན་ནུ》དང《ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང》སོགས་ངོ་མཚར་ཆེ་བའི་ལེ་ཚན་ལ་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་པ་དང་། འདི་གར་ད་དུང་ཐང་ཡོན་ཟ་བ་དང་སྒྲུང་ཤོད་པ་སོགས་སྤྲོ་སྣང་འཕེལ་བའི་བྱེད་སྒོའང་བཀོད་སྒྲིག་བྱས་པར་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

“ད་རེས་ཀྱི་བྱེད་སྒོ་ལས་ཚང་མར་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ནང་དོན་མྱོང་ཚོར་སྔར་ལས་ཟབ་མོ་བྱུང་བ་དང་། ལོ་གསར་གྱི་རྣམ་པ་ཟབ་ཏུ་ཕྱིན་པ། རོལ་རྩེད་ཁྲོད་ནས་ཤེས་རྒྱ་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་གྱི་སྤེལ་རེས་ཟབ་ཏུ་ཕྱིན་པ་བཅས་ལས། ཚང་མས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་སྟེ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་སྔར་ལས་ལྷག་པ་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་སོང”ཞེས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོན་གཅོད་ཁང་གི་ཀྲུའུ་རེན་ངག་དབང་བསྟན་འཛིན་གྱིས་བཤད།

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མག་ཤང་བསམ་དོན་གྲོང་ཚོར་འཛོམས་ནས་དགའ་དགའ་སྤྲོ་སྤྲོའི་ངང་དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ་རེད། 《མི་རིགས་ཀྱི་མཐུན་སྒྲིལ》ཞེས་པའི་འགོ་ཚུགས་ཞབས་བྲོའི་ཁྲོད་དུས་ཆེན་འགོ་ཚུགས་ཤིང་། དེ་རྗེས་འབྲས་དཀར《བདེ་སྐྱིད་ལྡན་པའི་པ་སྣམ》དང་། 《རལ་པ》《ང་ཀྲུང་ཧྭ་ལ་དགའ》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་བྱས་ནས་འཁྲབ་སྟོན་བྱས་པ་རེད། བྱེད་སྒོར་ཐང་ཡོན་བཟོ་བའི་དོན་ཚན་ཡང་བཀོད་སྒྲིག་བྱས་ཤིང་། ཚང་མས་རང་ཉིད་ཀྱིས་བཟོས་པའི་ཐང་ཡོན་ཟ་བཞིན་དུ་དགའ་སྤྲོའི་ངང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་བལྟས།

ཚེས་24ཉིན་གྱི་ཞོགས་པ་སྔ་པོ་ནས་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་དང་གྲོང་ཁྱེར་དཔེ་མཛོད་ཁང་གི་ལས་དོན་མི་སྣས། ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཡོང་ནས་རྒན་རྒོན་ཚོར་སེམས་ཁུར་དང་དགའ་གཅེས་བྱེད་ལུགས་མཚོན་པར་བྱས།

མཉམ་དུ་ཡོང་བའི་རིག་གནས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་རྒན་རྒོན་ཚོར་ལྟད་མོ་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་པར། རྒན་རྒོན་ཚོས་ཐལ་མོ་བརྡབས་ནས་དགའ་འབོད་ཡང་ཡང་བྱས་ཤིང་། སྐབས་དེར་མི་ཚང་མ་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པའི་ཁྲོད་དུ་བདེ་བདེ་ལྷོད་ལྷོད་ངང་སྡོད་པ་དང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་ཡང་ཡང་འཕྱུར་བཞིན་མཆིས།

ཆབ་མདོ་གྲོང་ཁྱེར་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཡའོ་ཤུས་ཕུང་གིས“ང་ཚོས་རྒན་རྒོན་གྱི་རིག་གནས་དགོས་མཁོ་དང་། དཔེ་མཛོད་ཁང་གི་དོན་དངོས་ཟུང་འབྲེལ་བྱས་ཏེ། ཁོང་ཚོར་འཚམ་པའི་ཕུལ་བྱུང་ཀློག་དེབ་བསྐྱལ་བ་ཡིན། དེ་འདྲ་བྱེད་དགོས་དོན་ནི་རྒན་རྒོན་གྱི་བསམ་པའི་རྒྱགས་ཕྱེ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཚེ་མཇུག་གི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཡིན”ཞེས་བཤད།

དང་པོའི་བཅོ་ལྔའི་དུས་ཆེན་རིང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། སློབ་མ། དང་བླངས་པ་བཅས་ཀྱི་འཐུས་མིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་མཉམ་འཛོམས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་མྱོང་ཚོར་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་བ་ཚོས་དང་བླངས་པས་བརྗོད་པའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལོ་རྒྱུས་གོམས་སྲོལ་དང་། གྲངས་ཉུང་མི་རིགས་ཀྱི་འཐུས་མིས་བརྗོད་པའི་དང་པོའི་བཅོ་ལྔའི་དུས་ཆེན་སྐོར་གྱི་གོམས་སྲོལ་ཉན་ནས། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་མྱོང་ཚོར་དང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ཉམས་འགྱུར་མྱོང་ཚོར་བྱས།

ཚེས་24ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ལྗོངས་གླུ་གར་ཚོགས་པ་དང་ལྗོངས་ལྷ་མོ་ཚོགས་པ་སོགས་ཚན་པས་གཉེར་འགན་འཁུར་བའི“དགའ་སྤྲོའི་ངང་ནས་ལོ་གསར་གཏོང་། དུས་རབས་གསར་པར་བསྟོད་གླུ་ལེན་པ་དང་ཀྲུང་གོའི་ལོ་གསར་མཉམ་དུ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། ལྗོངས་གླུ་གར་ཚོགས་པ་དང་། ལྗོངས་ལྷ་མོ་ཚོགས་པ། ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་བཅས་ཀྱིས་ཞབས་བྲོ་དང་། གླུ་གཞས། འཁྲབ་ཚན་ཐུང་ངུ་སོགས་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པར་དགའ་བསུ་ཡང་ཡང་ཐོབ་ཅིང་། དེ་གར་མང་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྐད་སྒྲས་ཁེངས།

དུས་ཚོད་ནི་ཇི་ལྟར་ཕྱིན་ཡིན་མི་ཤེས་པར་ཡུད་ཙམ་ཞིག་ལ《བོད་ལ་སྐུལ་མ་གཏོང་བ》ཞེས་པའི་ཞབས་བྲོའི་ཁྲོད་འཁྲབ་སྟོན་མཇུག་འགྲིལ།

ནང་མི་མཉམ་འཛོམས་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་གཏོང་བའི་དུས་དེར་མི་ཁག་གཅིག་གིས་རང་སོ་སོའི་ལས་གནས་ཐོག་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་བསྡད་ཡོད།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་ཚེ་སྤོང་གྲོང་ཚོར་ཡོད་པའི་50MWཡི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་འོད་ཤུགས་སྟར་སྒྲིག་ཁུལ་ལ་ཆ་སྙོམས་ས་བབ་སྨི་5100ཟིན་ཞིང་། རྣམ་གྲངས་ཀྱི་ལག་རྩལ་མི་སྣ་དབྱང་ཧྲེང་ཕིང་དང་བསྟན་འཛིན་ཆོས་དར་གྱིས་འོད་ཤུགས་སྟར་སྒྲིག་ཁུལ་གྱི་སྒྲིག་ཆས་ལ་ཞིབ་བཤེར་ནན་པོ་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད། “དེ་རིང་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཡིན་པས་གློག་སྤྱོད་མཁན་མང་པོ་ཡོད། ང་ཚོས་ངེས་པར་དུ་སྐོར་ཞིབ་གནད་ལ་འཁེལ་བ་བྱས་ནས་སྐུད་ལམ་དང་སྒྲིག་ཆས་ཀྱི་ཞན་ཆ་དང་མི་མངོན་པའི་ཉེན་ཁ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་དབྱང་ཧྲེང་ཕིང་གིས་བཤད།

དབྱང་ཧྲེང་ཕིང་ལ་ཆ་མཚོན་ན་དུས་ཆེན་རིང་ལས་གནས་བརྟན་པོར་སྲུང་བ་དེ་གོམས་གཤིས་སུ་གྱུར། “ང་ཚོའི་ལས་གནས་འདི་ནི་དུས་ཆེན་སོགས་ཀྱི་སྐབས་སུ་དེ་བས་ཀྱང་ཞིབ་བཤེར་ནན་པོ་བྱེད་དགོས་པ་ལས་ལས་འཛོལ་གང་ཡང་ཤོར་མི་རུང་བ་ཞིག་ཡིན”ཞེས་བཤད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)