《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》
(2021ལོའི་ཟླ་7ཚེས་1ཉིན)
གསུང་བཤད་ནང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་བསལ་ཏེ། བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་གནང་ཡོད།
གསུང་བཤད་ནང་། བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་དང་། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་འཁུར་ཕོད་པ། ཤི་རྒྱུར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད། ཏང་ལ་བློ་དཀར་སེམས་དཀར་དང་ཏང་འཛུགས་སྐྱོང་གི་མི་དམངས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། རྒྱས་བཤད་བྱེད་སྐབས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གཏོད་པ་བཅས་ཀྱི“ངེས་པར་དུ་སྒྲུབ་དགོས་པ་དགུའི”བླང་བྱ་གལ་ཆེན་བཏོན་ཡོད། རྩོམ་ཡིག་ནང་ནན་བཤད་བྱས་དོན། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་སྤྱད་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས།
《ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》
(2021ལོའི་ཟླ་8ཚེས་17ཉིན།)
《ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད།
རྩོམ་ཡིག་ནང་བསྟན་དོན། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གཙོ་བོ་ཡང་ཡིན། ང་ཚོས་བརྗོད་པའི་ཐུན་མོང་འབྱོར་ཕྱུག་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་འབྱོར་ཕྱུག་ཡོང་བར་བྱེད་པ་དེ་ཡིན་པ་ལས་མི་ཉུང་ཤས་འབྱོར་ཕྱུག་མིན་ལ། གོམ་སྟབས་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་དེ་བས་མིན།
རྩོམ་ཡིག་ནང་ནན་བཤད་བྱས་དོན། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལས་བྱུང་བ་ཞིག་ཡིན་པས། ཐུན་མོང་འབྱོར་ཕྱུག་ཡོང་བར་ལས་བརྩོན་དང་བློ་གྲོས་ལ་བརྟེན་དགོས། ཐུན་མོང་འབྱོར་ཕྱུག་ནི་ཡུན་རིང་གི་དམིགས་ཚད་ཅིག་ཡིན་པས། བརྒྱུད་རིམ་ཞིག་དགོས་པ་ལས་ཐེངས་གཅིག་ལ་འགྲུབ་མི་སྲིད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་ཐུབ་པར་བྱེད་དགོས།
(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)