《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月25日

༄༅། །མགོན་དགེ་རྒན་བཀའ་དྲིན་གཞལ་མེད་རེད།

འདུན་མ་ལེགས།

ཞོགས་ཉི་ཟེར་མཁའ་རུ་ཤར་དུས་ལ།།

དྲིན་དགེ་རྒན་ཐུགས་བརྩེ་འོད་ལས་གསལ།།

བློ་མུན་པའི་དགྲ་ལ་འོད་སྣང་འབར།།

འཁོར་གདུལ་བྱའི་རྒྱུད་ལ་ཡོན་ཏན་འཕོས།།

དྲིན་དགེ་རྒན་ཚེ་གཅིག་ཕ་མ་ཡིན།།

དབྱངས་གསལ་བྱེད་སོ་བཞིའི་ལམ་བྲོ་བསྩལ།།

ནང་ཀུན་སྤྱོད་ཡ་རབས་ཕྱོགས་ལ་དྲངས།།

ཕྱི་བྱ་སྤྱོད་གཅུན་ལ་ཁྱེད་ཉིད་མཁས།།

གནམ་སྔོན་པོ་མུ་མཐའ་བྲལ་ན་ཡང་།།

དྲིན་དགེ་རྒན་ལྷག་བསམ་དེ་ལས་བརྒལ།།

བློ་རྣམ་དཔྱོད་མཁྱེན་རྒྱ་དེ་ལས་ཡངས།།

བྱམས་བརྩེ་བ་གནམ་གྱིས་བསྒྲུན་དུ་མེད།།

དྲིན་དགེ་རྒན་མཁའ་ཡི་ཟླ་བ་ཡིན།།

ཁྲ་ཚོམ་མེར་སྐར་ཚོགས་མཐའ་ནས་སྐྱོང་།།

དྲི་ཞིམ་པའི་ཆུ་སྐྱེས་རྒྱང་ནས་གསོས།།

བསིལ་འཇམ་འཇམ་འགྲོ་ལ་འོད་སྣང་སྦྱིན།།

དོན་ལེགས་ཚོགས་འབྱུང་གནས་དགེ་རྒན་ཉིད།།

དེར་བསྟེན་ན་བསོད་ནམས་རང་འཕེལ་ཡིན།།

རྒྱུད་ཡོན་ཏན་འབྱོར་ལ་ཐེ་ཚོམ་མེད།།

ལུགས་དེ་ཕྱིར་དགེ་རྒན་སེམས་དཔའ་རེད།

དྲིན་དགེ་རྒན་བཀའ་དྲིན་གཟོ་བསམ་ན།།

དུས་དང་པོ་ཁས་ལེན་ཚིག་བརྩི་བྱོས།།

དེའི་ཞོར་དུ་གདམས་ངག་རྗེས་སུ་ཟུངས།།

ཚེ་གང་ལ་བསླབ་པ་སློབ་གཉེར་གྱིས།།

རྒན་བཟང་པོ་མཐོན་པོ་དཔོན་ལས་མཆོག །

དཔོན་ངན་པས་སྡེ་དམངས་ཕུང་ལ་སྦྱོར།།

ཐུགས་བཟང་པོ་ཁྲི་ཐོག་སྤྲུལ་ལས་ལྷག །

སྤྲུལ་རྫུན་མས་འགྲོ་དྲུག་ངན་འགྲོར་འཕེན།།

དྲིན་དགེ་རྒན་ཐུགས་བརྩེ་མེ་ལས་དྲོ།།

དགུན་གྲང་ངར་འགོག་པའི་གོ་ཆ་ཡིན།།

དྲིན་དགེ་རྒན་བྱམས་སེམས་གདུགས་ལས་བསིལ།།

དབྱར་ཚ་བ་འགོག་པའི་གཡང་རྟེན་ཡིན།།

ལར་དགེ་རྒན་མཆོག་གི་བཀའ་དྲིན་ནི།།

ལག་བྲིས་པ་ཙམ་གྱིས་གཞལ་དུ་མེད།།

ཁ་བཤད་པ་ཙམ་གྱིས་རྫོགས་དུས་མེད།།

ལུས་གུས་གུས་བྱས་ཀྱང་ག་ལ་དོ།།

དྲིན་དྲིན་དུ་མི་གོ་སྐྱེས་བུ་དེར།།

དོན་ལེགས་པར་བཤད་ཀྱང་དོན་མེད་ཡིན།།

ལམ་བཟང་པོར་ཁྲིད་ཀྱང་དགོས་མེད་ཡིན།།

རང་གཡང་ལ་ལྷུང་བའི་གཞི་མ་ཡིན།

ལོ་འཁོར་མོ་ག་ཙམ་འདས་ན་ཡང་།།

མགོན་བཤེས་གཉེན་བཀའ་དྲིན་རྡོ་ལ་བརྐོས།།

སེམས་གངས་དཀར་དབུས་ནས་བརྗེད་མེད་རེད།།

བརྗེད་སོང་ན་བུ་སློབ་ག་ལ་ཡིན།།