《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月25日

རང་ལྗོངས་ཀྱིས་འཕྲོད་བསྟེན་བདེ་ཐང་གི་བྱ་བ་དངོས་ཧུར་ཐག་བསྒྲུབས་པ།

རང་སྐྱོང་ལྗོངས་རིམ་པའི་སྨན་བཅོས་སྤུས་ཚད་ཚོད་འཛིན་ལྟེ་གནས་14བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་2024ལོའི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

2023ལོར་རང་ལྗོངས་ཀྱིས་ནད་སྲིན་གློ་ཚད་དང་། ཁ་ཚ་རྨིག་ཚའི་ནད། ཆམ་རིམས་སོགས་ཀྱི་ནད་ཡམས་མཆེད་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས་དོས་དྲག་དང་བྱིས་པའི་ཚན་ཁག་སོགས་ཕྱོགས་ཁག་གི་ཐོན་ཁུངས་བཀོད་གཏོང་བྱས་ཏེ་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་རྒོན་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རིན་པ་མི་དགོས་པར་ཆམ་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་པས་གཙོ་གནད་མི་ཚོགས་ལ་ཆམ་རིམས་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ཡོད། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་སུ་སྐྱ་གྲིབ་ཀྱི་གཤགས་བཅོས་ཁྲི་1ལྷག་ཙམ་བྱས་པ་དང་། གྲུམ་བུ་ཚིགས་ཆེན་གྱི་ནད་པ་907ལ་གཤགས་བཅོས་བྱས་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་517ལ་སྨན་རིན་མི་དགོས་པར་སྨན་བཅོས་བཅས་བྱས་ཡོད། ལོ་ན་མཐོ་བའི་བགྲེས་སོང་གི་བདེ་ཐང་ཁ་གསབ་ཚད་གཞི་སླར་ཡང་སྒོར་500མཐོ་རུ་བཏང་ཡོད། སློབ་ལོ་ལོན་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བུ་མོ་ཁྲི་5.6ལ་རིན་མེད་ངང་HPVརིམས་འགོག་སྨན་ཁབ་བརྒྱབ་པ་དང་བུད་མེད་ཁྲི་11.3ལ“སྐྲན་ནད་གཉིས”གྲལ་བཤེར་བྱས་པ་རེད། རྫོང(ཆུས)གི་གཞུང་བཙུགས་སྨན་ཁང་ཚང་མར་དྲོད་རླངས་མཁོ་འདོན་བྱས་ཡོད།

སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ནུས་པ་ཆེ་རུ་གཏོང་བ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་ནས་བྱིས་ནད་ཚན་ཁག་དང་། དོས་དྲག འགོ་ནད་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་11འཛུགས་པར་རྒྱབ་སྐྱོར་བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་མཛོད་བཙུགས་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྨན་བཅོས་ཀྱི་སྤུས་ཚད་ཚོད་འཛིན་ལྟེ་གནས་14བཙུགས་པ། རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་4གྲབས་འཛུགས་བྱས་ཡོད། ཁྲག་སྦྱིན་འབུལ་ཁང་དང་པོ་དེ་སྤྱོད་འགོ་ཚུགས་ཡོད། གྲོང་ཁྱེར(ས་ཁུལ)བདུན་གྱི་སྨན་བཅོས་ཟོག་རོ་གཅིག་སྡུད་ཐག་གཅོད་ལྟེ་གནས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་སྒྱུར་བཀོད་ལས་གྲྭ་ལེགས་སྒྲུབ་བྱས་ནས་སྨན་བཅོས་ཟོག་རོ་གཙང་སེལ་ཐུབ་པར་བྱས་ཡོད།

གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལེགས་སུ་གཏོང་བའི་ཐད“ཕྲུ་གུ་གསུམ”སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བུ་བཙའི་སྲིད་ཇུས་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད། ལོ་ན་མཐོ་བའི་བགྲེས་སོང་ཁྲི་3.45ལ་ཁ་གསབ་དངུལ་སྒོར་ཁྲི་4770སྤྲད་པ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མ་བུའི་བདེ་འཇགས་དང་བདེ་ཐང་བྱིས་པའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་98%ཡན་རྒྱུན་འཁྱོངས་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་ཉེན་ཆེའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་4ཡི་ལས་རྗེས་དཔྱད་ཞིབ་ལེགས་སྒྲུབ་བྱས་ཡོད། བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་དང་། བདེ་ཐང་དབུལ་སྐྱོར་གྱི་ལྟ་ཞིབ་ཚད་ལེན། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་མང་ཚོགས་ལ་དུས་ཐོག་ཏུ་རྗེས་འདེད་རོགས་སྐྱོབ་བཅས་བྱས་པ་རེད།

སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བའི་ཐད་བདེ་ཐང་བོད་ལྗོངས་བྱ་སྤྱོད་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལག་བསྟར་བྱས་ནས་གྲོང་ཁྱེར(ས་ཁུལ)2སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་རྫོང་གྲོང་5གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། རིམས་འགོག་ནུས་ཤུགས་ཆེར་གཏོང་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་དང་འདུས་འདྲིལ་གཅོང་ནད་ཕོག་ཚད་ཁྲི་བརྒྱ་ནས་ཁྲི་བཅུའི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།

ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ལ་ཚད་ལྡན་དོ་དམ་བྱེད་ཚད་90%ཟིན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་བསམ་པའི་འཕྲོད་བསྟེན་བྱ་ཐབས》དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་བཀྲམ་པ་ནས་ལག་བསྟར་བྱས་ཡོད། ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ཚང་མ་ལེགས་སྒྲུབ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་དང་། བོད་ལྗོངས་འགྲེམས་ཚོགས། ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སོགས་བྱེད་སྒོ་གལ་ཆེན་གྱི་སྨན་བཅོས་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཡོད། གྲོང་མིའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་སྒོར་110བར་མཐོ་རུ་བཏང་བ་དང་གྲོང་མིའི་བདེ་ཐང་ཆུ་ཚད་20.73%བར་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག 2023ལོར་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཐད་རྣམ་པ་གསར་པ་ཐོན་ཡོད། 《རྒྱུད་བཞི》དེ《འཛམ་གླིང་དྲན་ཤེས(རྒྱལ་སྤྱིའི)མིང་གཞུང》ནང་བདམས་པ་དང་། རྫོང་རིམ་པའི་སྨན་རྩིས་ཁང་7གྱིས“ཆེད་ལས་ཚན་ཁག་གཉིས་དང་ལྟེ་གནས་གཅིག”བསྐྲུན་ནས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་ཁང་37རིམ་སྤོར་བྱས་པ། བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་གྲགས་ཅན་དང་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པ་38གསོ་སྐྱོང་བྱས་ཡོད། བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས་29སྤེལ་བ་དང་། བོད་ཀྱི་གསོ་བ་རིག་པའི་ལུས་གསོ་དང་ཤ་སྐམ་དུ་གཏོང་བའི་སྨན་ཐོ་2ལ་ཞིབ་འཇུག་བྱས་པ། བོད་ཀྱི་གསོ་བ་རིག་པའི་ལུམས་ཀྱི་ཚད་གཞི་14བཟོས་པ། ལུམས་ཀྱི་ཐོན་རྫས་གསར་པ་ཞིབ་བཟོ་བྱས་ཡོད། བོད་ལུགས་གསོ་རིག་ཐད་སྤྱོད་པའི“སྤྱོད་གཅིག་མའི་བོད་ལུགས་གསོ་རིག་གི་ཁྲག་གཏར་ཐུམ་སྒྲིལ”ཁྲོམ་རར་བཏོན་པ་རེད།

2024ལོར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་འཕྲོད་བསྟེན་བདེ་ཐང་གི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཞབས་ཞུ་དང་། སྨན་བཅོས་འགོག་བཅོས་མཐུན་སྦྱོར་འཕེལ་རྒྱས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་དང་མཐའ་མཚམས་ས་ཁོངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་གི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

(བསོད་བདེ་གཞོན་པས་བསྒྱུར། པ་ཕན་གྱིས་ཞུས)