འདས་མ་ཐག་པའི་2023ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་230ཟིན་ནས་10%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་140བཏང་ནས་17.7%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་10.5ཟིན་ནས་10%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར་47125དང་སྒོར་25913ཟིན་ནས་ཁག་སོ་སོར་8.5%དང་11%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་60.5ཟིན་ནས་16%འཕར་ཡོད། སྔོན་དཔག་བྱས་ན་གློག་སྤྱོད་བསྡོམས་འབོར་24%འཕར་བ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཁག་སོ་སོར་130%དང་47%འཕར་བ། གཞུང་ལམ་འགྲུལ་སྐྱེལ་དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཁག་སོ་སོར་103.4%དང་26.4%འཕར་ཡོད།
རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ།
2023ལོ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམ་པོར་དམིགས་ནས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་པ་དང་གཅིག་སྡུད་འགག་སྒྲོལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཀྲག་མདངས་འཚེར་སའི་འདུ་འགོད་ཁག་གཅིག་གསར་གཏོད་བྱས་ནས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ལ་ཞབས་ཞུ་འགན་སྲུང་བྱས་ཤིང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འགན་གཙང་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་། ལས་གྲྭར་མཁོ་བའི་དངོས་ཟོག་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་88དང་། ལས་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི་ལག་རྩལ་བཟོ་པ་183གསོ་སྦྱོང་བྱས་པ་དེ་དག་རྣམ་གྲངས་འཛུགས་སྐྲུན་ནང་ལས་ཞུགས་བརྟན་པོ་ཐུབ་པ། གོ་རིམ་ལྡན་པའི་ངང་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྒྲིག་འཛུགས་བྱས་ཡོད། དེ་དང་ཆབས་ཅིག་ནུས་རྒྱུ་གཙང་མ་གསར་སྤེལ་ལས་གྲྭའི་དུས་འགོའི་ལས་དོན་གྱི་ཞབས་ཞུ་འགན་སྲུང་ཧུར་ཐག་བྱས་ནས་འབྲེལ་ཡོད་ཀྱི“དཀའ་གནད”དང“འགག་གནད”ཁག་12མཐུན་སྦྱོར་ཐག་གཅོད་བྱས་ཏེ། ལས་གྲྭའི་ཞབས་ཞུ་འགན་སྲུང་གི་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་ཅིང་། ཕུག་ལམ་འཛུགས་སྐྲུན་ཚད་བརྒལ་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་རབ་དང་རིམ་པར་སྐུལ་འདེད་བཏང་སྟེ་ཁྱོན་འགྲིམ་འགྲུལ་རྣམ་གྲངས་ཁག་43ལ་མ་དངུལ་སྒོར་དུང་ཕྱུར་326.89གཏོང་རྒྱུ་ཡིན་པ་ནས་མ་དངུལ་སྒོར་དུང་ཕྱུར་109.39བཏང་ཟིན་ཡོད། དེའི་ནང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་K12-K20དུམ་བུའི་གསར་སྐྲུན་བསྐྱར་སྐྲུན་གྱི་འཕྲལ་སྡོམ་ལམ་བུའི་ཕུག་ལམ་སྨི་230ཤར་གཏོང་བྱས་ཡོད། སྤོ་བོ་ནས་ར་འོག་བར་གྱི་ལྕགས་ལམ་གྱི་ཞིབ་འཇུག་སྙན་ཞུ་རྒྱལ་ཁབ་ལྕགས་ལམ་ཚོགས་པར་ཞིབ་མཆན་འགོད་པར་ཕུལ་བ། མེ་ཏོག་ཡན་ལག་གནམ་ཐང་དང་རྫ་ཡུལ་གྱི་སྤྱི་སྤྱོད་གནམ་ཐང་གི་ས་ཆ་འདེམས་པ་དང་རྩད་ཞིབ་བྱས་ཟིན་ཡོད། འགྲིམ་འགྲུལ་རྣམ་གྲངས་རབ་དང་རིམ་པ་དོན་འཁྱོལ་ལག་བསྟར་བྱས་པར་བརྟེན་ཉིང་ཁྲིའི་འགྲིམ་འགྲུལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
རྣམ་གྲངས་གཞན་དག་འཛུགས་སྐྲུན་ལ་གཅིག་འདོམས་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ་དང་། གཙོ་གནད་རྣམ་གྲངས་ལ་ཞིབ་མཆན་འགོད་པའི“ཐོགས་མེད་བགྲོད་ལམ”ལག་བསྟར་བྱས་ཡོད། 2023ལོ་ཚུན་དུ་གྲོང་ཁྱེར་ཡོངས་སུ་སྐྲུན་བཞིན་པའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁྱོན་149ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་343.39གཏོང་རྩིས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་57.85དམིགས་སར་འབྱོར་བ་དེ་དུས་མཚུངས་ལས་14.58%འཕར་ནས། རང་སྐྱོང་ལྗོངས་ཀྱི་ལོ་འཁོར་གྱི་དམིགས་ཚད་ལས་འགན་115.7%ལེགས་སྒྲུབ་བྱས་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་39.82བཏང་ཡོད།
མང་ཚོགས་ཚོས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ།
དགྱེ་གླིང་གྲོང་ཚོའི་ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ཤུགས་སྣོན་བརྒྱབ་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་འགྲོ་ཆེད། གྲོང་གཉེར་ཁེ་ལས“སྦས་ལུང་མེ་ཏོག་རིག་གནས་ཡུལ་སྐོར་ཀུང་སི”བཙུགས་པ་དང་མེ་ཏོག་རྫོང་དུ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བརྩོན་ལེན་བྱས་ཏེ་རླངས་འཁོར་གྱི་སྦྲ་གུར་སྒར་ས་དང་། ནགས་ཚལ་གྱི་སྤྲོ་གསེང་ཤིང་ཁང་། མཛེས་ལྗོངས་ལམ། ལྗོངས་གཟིགས་སྟེགས་བུ། ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་བསྐྲུན་པར་བརྟེན་གྲོང་ཚོའི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། འགྲུལ་ཁང་ཉུང་བའི་ཞན་ཆ་སེལ་ཆེད་ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་གྱི་ལས་རྣམ་གསར་པ་བཏོད་དེ་སྔ་རྗེས་སུ་མ་དངུལ་བཏང་ནས་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་སྟར་པ་6བསྐྲུན་པ་དང་འབྲེལ། རོལ་རྩེད་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་དགྱེ་གླིང་གི་ཉམས་འགྱུར་ལྡན་པའི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གི་སྤུས་རྟགས་བཏོད་ཡོད། 2023ལོར་དགྱེ་གླིང་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་144ལྷག་ཙམ་བྱུང་ཡོད་ལ། གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་30ལྷག་ཙམ་ལས་ཞུགས་ཐུབ་ནས་ད་ཆ་གྲོང་མི་དེ་བས་མང་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད།
མེ་ཏོག་གི་ཡུལ་སྐོར་བྱ་གཞག་ནི་ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ནས《ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྔོན་སྤེལ་ཁུལ་གྱི་འཆར་འགོད》བཟོས་པ་དང་། ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བའི“བྱ་སྤྱོད་ཆེན་པོ་དགུ”བཏོད་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་2.17བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང“G318·ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་ཡག་ཤོས”དང“G219རྒྱལ་ཁབ་ཀྱི་ལམ་ཆེན”གཙོ་གནད་ཐོག་བཏོད་པ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱི་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་དུ་སྤ་སེ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་ལྕག་སྐུལ་བྱས་ཡོད།
2023ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1272.69ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་112.88ཟིན་པ་དང་ཡུལ་སྐོར་ཁྲོམ་རའི་བྱེད་པོ་ཁག་གིས་ཞིང་འབྲོག་པ་མི་ཐེངས་ཁྲི་3.29ལས་ཞུགས་གཞན་སྒྱུར་ལ་སྣེ་ཁྲིད་ཐུབ་སྟེ་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་1.14བྱུང་ཡོད།
ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།
ཚོང་གཉེར་ཁོར་ཡུག་ནི་གྲོང་ཁྱེར་ཞིག་གི་མིང་བྱང་ལྟ་བུ་ཡིན་ལ་ལྟེ་བའི་འགྲན་རྩོད་ནུས་པ་གཙོ་བོ་ཞིག་ཀྱང་རེད།
2023ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དོན་འཁྱོལ་གཏིང་ཟབ་དང་། གཉེར་སྐྱོང་བྱེད་པོའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་འདུ་འགོད་ལག་བསྟར་ཤུགས་ཆེན། སྒྱུར་བཅོས་དང་། ཞབས་ཞུ། ལྟ་འདོམས་བཅས་ཀྱི་ནུས་པར་མུ་མཐུད་སྐུལ་འདེད་གཏོང་བ། གཉེར་སྐྱོང་བྱེད་པོའི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་པ། གཉེར་སྐྱོང་བྱེད་པོའི་སྤུས་འབོར་གཉིས་ཀ་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཡོད།
ཁྲོམ་རར་འཇུག་འཐུས་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”དང་།“ལག་ཁྱེར་མང་པོ་གཅིག་སྒྲིལ”ཁེ་ལས་ཀྱི་མིང་ཐོག་ནས་རང་རྟེན་རེ་ཞུ་སོགས་ཀྱི་སྒྱུར་བཅོས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་འཐུས་ལས་དོན་ཐད་གསལ་ཐོ་ཅན་གྱི་དོ་དམ་དང་འགུལ་རྣམ་ཅན་ནས་ལེགས་སྒྲིག་དང་སྔོན་ལ་ཞིབ་མཆན་འགོད་པའི་རྣམ་གྲངས་35སོར་འཇོག ལེགས་སྒྲིག་བྱས་རྗེས་རྣམ་གྲངས་147ལ་ཞིབ་མཆན་བཀོད་པ། “ཁེ་ལས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན”དེ“ཁེ་ལས་གཉེར་བའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན”དུ་འགྱུར་བར་བརྟེན་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་མགྱོགས་མྱུར་འཕར་ཡོད། “2023ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་དུད་ཚང་38149དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་3109.18ཟིན་ནས་དུས་མཚུངས་ལས་12.9%དང4.69%སོ་སོར་འཕར་བའི་ནང་ཟླ་དང་པོ་ནས་བརྒྱད་པའི་བར་གསར་དུ་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོའི་དུད་ཚང་5128ཟིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པ་ཀྲའོ་ལིན་ཧྥུའུ་ཡིས་བཤད།
གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ཚོང་གཉེར་ཁོར་ཡུག་ཐད་ལྷག་པའི་གནད་དོན་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཚོགས་འདུ་འཚོགས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་པ། “ཉིང་ཁྲིའི་གྲོས་མོལ”དང“ཁེ་ལས་སུ་བསྐྱོད་ནས་རེ་ཞུ་ཉན་པ” “ཅུས་ཀྲང་ཚོམས་ཆེན་དུ་བསྐྱོད་ནས་ཞབས་ཞུའི་ལས་དོན་སྤེལ་བ”སོགས་ཀྱི་བྱེད་སྒོ་སྤེལ་བས་ཁེ་ལས་བློ་ཡིད་ཚིམ་ཚད་98%ཡན་ཟིན་ཡོད། ཚོང་འགུགས་མ་འདྲེན་ལ་བརྟེན་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམིགས་ཏེ་ཚོང་འགུགས་མ་འདྲེན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པའི་ཚོད་ལྟའི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ནས་གཙོ་གནད་རྣམ་གྲངས་ནང་འདྲེན་ཐད“བརྒྱུད་རིམ་ཧྲིལ་པོར་ཚབ་གཉེར”དང་གཉེར་སྐྱོང་རྗེས་སྙེག་གི་ལྟ་སྐུལ་མཛུབ་ཁྲིད་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ“འབྲེལ་མཐུད་རྣམ་པའི”ཚོང་འགུགས་ལས་དོན་སྤེལ་ཡོད།
སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་རིམ་བཞིན་སྤེལ་བ།
ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས“འདམ་རའི་སྐྱེ་ཁམས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ཁུངས་ཀྱི་གཞི་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་ ཚན་རིག་དང་མཐུན་པའི་འཆར་འགོད་དང་སྲུང་སྐྱོང་ལ་གཞི་འཛིན་ས་མཁོ་འདོན་བྱེད་པ”ཤུགས་རྒྱག་སར་བྱས་ནས། ཝུའུ་ཧན་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་དང་མཉམ་ལས་བྱས་ཏེ། ཡར་ཉང་འདམ་རའི་ཁྱབ་ཁོངས་ཀྱི་འགག་རྩའི་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་ཁག་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་ནས་ཚན་རིག་དང་མཐུན་པའི་ངང་འདམ་ར་སྲུང་སྐྱོང་བྱས་ཡོད།
2023ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། ལྗང་མདོག་གི་རྣམ་པ་བཏོད་པ་དང་སྐྱེ་ཁམས་ཀྱི་ཕན་པ་མཉམ་སྤྱོད་ཀྱི་དར་སྲོལ་དར་སྤེལ་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་4དང་།“རི་གཉིས”ཀྱི་ལག་ལེན་རྟེན་གཞི་1 རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་4 དཔེ་སྟོན་ཤང་དང་གྲོང་རྡལ་23 དཔེ་སྟོན་གྲོང་ཚོ་174བཅས་བཙུགས་པ་དང་ལྷག་པར་དུ་གནམ་ལྕགས་འབར་བ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ་གཉེར་བས། གླེང་སྟེགས་ཀྱི་གྲུབ་འབྲས་ལ་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་པ་མ་ཟད། ཕྱོགས་མང་པོ་ནས་ཉིང་ཁྲིའི་མཛེས་སྡུག་ལྡན་པའི་གཟུགས་བརྙན་ཡང་མངོན་པར་བྱས་ཡོད།
(པ་སངས་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)