《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月25日

5Gདྲ་རྒྱ་རང་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ།

—— དྲ་རྒྱས་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་དུ་ཀྲོང་ངེར་བསླངས་པའི་ལྕགས་ཀྱི་མཐོ་ལྕོག་རིང་པོ་ཞིག་ནས་མཐོང་རྒྱུ་མེད་པའི་གློག་རླབས་ཤང་དང་གྲོང་རྡལ་གྱི་ཉེ་འགྲམ་ལ་ཁྱབ་འགྱེད་བྱེད་ཀྱི་ཡོད། ལག་ཐོགས་ཁ་པར་ཁ་ཕྱེ་སྐབས་བརྙན་ཤེལ་གྱི་ཐོག་ཏུ“5G”མཚོན་རྟགས་གསལ་པོ་ཡོད་པ་ལས་དེ་གར་5Gབརྡ་རྟགས་ཁྱབ་པ་མཚོན་གྱི་ཡོད།

རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ཐོག་ནས་བོད་ཀྱི་ཤང་དང་གྲོང་རྡལ་ཚང་མར་5Gདྲ་རྒྱ་ཤར་གཏོང་ཐུབ་པ་མཚོན་པ་མ་ཟད། དེ་གོང་རྫོང་ཚང་མར་5Gཤར་གཏོང་ཐུབ་རྗེས་ཀྱི་ལམ་ཚད་རྡོ་རིང་གཞན་ཞིག་ཀྱང་རེད། 2019ལོར་5Gདྲ་རྒྱ་བསྐྲུན་འགོ་ཚུགས་པ་ནས་བཟུང་བོད་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་དཀའ་ཚེགས་ཆེ་བའི་གངས་རི་འཁྱགས་རོམ་དང་། ནགས་ཚལ། གཡང་གཟར་བྲག་རི་བཅས་སུ་གློག་ཤིང་འཛུགས་པ་དང་། འོད་སྐུད་ཁྲིད་པ། སྦྲེལ་ཚུགས་འཛུགས་པ་བཅས་བྱས་ནས་གངས་ལྗོངས་ས་མཐོར་ཆ་འཕྲིན་དྲ་རྒྱ་ཁྱབ་རྒྱ་ཆེ་རུ་བཏང་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་5Gའཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་33.6བཏང་ནས་རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་9655བཙུགས་པ་དང་5Gལག་ཐོགས་ཁ་པར་གྱི་དུད་སྣེ་དུད་ཚང་ཁྲི་189ལ་ཁྱབ་ཡོད། ལྗོངས་ཡོངས་ཀྱི་མི་ཁྲི་རེར་5Gསྦྲེལ་ཚུགས་26ཡོད་པས་བོད་ཀྱི་མི་དམངས་ཀྱིས་ཀྱང་མགྱོགས་པ་དང་། བརྟན་པ། སྤུས་ལེགས་བཅས་ཀྱི་5Gདྲ་རྒྱའི་ཞབས་འདེགས་ལོངས་སྤྱོད་བྱེད་ཐུབ་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) འཕྲིན་གཏོང་དྲ་རྒྱའི་མྱུར་ཚད་མགྱོགས་སུ་ཕྱིན་པ་དེས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་སྔར་བས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

ཐད་གཏོང་དང་བརྙན་ལམ་སོགས་བརྒྱུད་ལམ་སྣེ་མང་གི་ཐབས་ལམ་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་བ།

མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་དང་འབྲེལ་མཐུད་བྱེད་རོགས་བྱས་པ།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི“མི་གསུམ་ཤང”ལ་བརྟེན་ནས་སྐད་གྲགས་ཆོད་པའི་ས་ཆ་ཞིག་ཡིན་ཞིང་། དེ་སྔོན་ཕར་འགྲོ་ཚུར་འོང་བྱེད་པར་རི་དང་གངས་རི་བརྒལ་དགོས་པ་དང་དགུན་ཁ་སླེབས་རིམ་བཞིན་ལོ་ཕྱེད་ཙམ་གངས་རིས་བསྡམས་ནས་ས་གཤིས་ཞན་ལ་འགྲིམ་འགྲུལ་མི་བདེ་བའི་འཚོ་བ་སྐྱེལ་དགོས་པས་དེ་གར་འཚོ་སྡོད་བྱེད་མཁན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡུལ་གཞན་དུ་སྤོས་མཐར་དེ་སྔའི་ཤང་ཀྲང་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ལས་ལྷག་མེད།

དེང་སང་གི་ཡུལ་སྨད་དེ་སྔ་དང་གཏན་ནས་འདྲ་གི་མེད། ཡུལ་སྨད་གྲོང་ཚོའི་གྲོང་སྟོད་ཀྱི་ཐང་ཆེན་དུ་གྲོང་མི་ཚོས་ཉི་མ་སྲོ་བཞིན་ལག་ཐོགས་ཁ་པར་ནས་བརྙན་ཐུང་དང་ཐད་གཏོང་ལ་ལྟ་བཞིན་ཡོད། “ཡུལ་གཞན་གྱི་སློབ་གྲོགས་དང་ཅི་འཕྲོས་མོས་འཕྲོས་ཤོད་སྐབས་དོ་ཁུར་བྱེད་ས་མང་པོ་ཞིག་གཅིག་པ་ཡིན་པས་ང་རང་གཞན་གྱི་རྗེས་སུ་ལུས་པའི་སྣང་བ་མིན་འདུག དཔེར་ན། ལྟ་དྲ་རྒྱའི་ཐོག་གླེང་མང་བའི་སྐད་ཆ་ཚང་མ་ང་ཚོས་ཤེས་ཀྱི་ཡོད་ལ་ཤེས་རྟོགས་ཐུབ་ཚད་ཁྱེད་ཚོ་ལས་ཉུང་བ་མེད”ཅེས་གྲོང་མི་ཡེ་ཤེས་སྒྲོལ་མས་གསར་འགོད་པར་བཤད་བྱུང་།

གསར་འགོད་པ་ཉེ་འགྲམ་གྱི་ཚོང་ཁང་ཆུང་ཆུང་ཞིག་ཏུ་སླེབས་སྐབས་སྦྱིན་བདག་གིས་སྤྲོ་སྣང་ཆེན་པོས་ལག་ཐོགས་ཁ་པར་ནས་ཐད་གཏོང་ལ་ལྟ་བཞིན་འདུག ཚོང་ཁང་དུ་མི་ཡོང་བ་མཐོང་སྐབས་ཁོང་གིས་འཕྲལ་མར་རིན་གོང་བཤད་རྗེས་སྒྲོག་ཙེའི་ཐོག་ཏུ་བཞག་པའི་དངུལ་ལེན་རྩ་གཉིས་ཨང་རྟགས་ལ་མཛུབ་མོ་བཙུགས་ནས“རྩ་གཉིས་ཨང་རྟགས་བཤེར་ན་འགྲིག”ཞེས་བཤད།

དེ་རིང་གི་ཡུལ་སྨད་ནི་འགྲིམ་འགྲུལ་མི་བདེ་བའི་ལུང་ཁུག་ཅིག་ག་ལ་ཡིན། གལ་ཏེ་ཉེ་འཁོར་གྱི་མུ་ལ་མུ་འཁྱུད་ཀྱི་རི་བོ་དེ་དག་མ་མཐོང་ན་འདི་གར་དེ་སྔ་གཞན་དང་འབྲེལ་ཐག་ཆད་པའི་ས་ཆ་ཞིག་ཡིན་པ་ག་ལ་ཚོར་ཐུབ།

དྲ་རྒྱ་ལས་བོད་ཀྱིས་འཛམ་གླིང་ལ་རྒྱུས་མངའ་བྱུང་བ་མ་ཟད། འཛམ་གླིང་གིས་ཀྱང་བོད་ལ་རྒྱུས་མངའ་ཐུབ་ཡོད།

བརྙན་ལམ་ནས་ཁམ་བུའི་མེ་ཏོག་གིས་བརྒྱན་པའི་ས་ཆ་དེར་ལྗང་མདོག་གི་བསྐྱར་དར་རྟགས་ཅན་བྱ་འཕུར་བ་ལྟར་སྐྱོད་པ་མཐོང་སྐབས་ལྟད་མོ་བ་མང་པོ་ཞིག་གིས་དེ་གར“ངོ་མ་མཛེས་སྡུག་ལྡན་པ་ཞིག་འདུག” “གོ་སྐབས་བྱུང་ཚེ་ངེས་པར་དུ་ལྟ་བར་འགྲོ་གི་ཡིན”ཞེས་པ་ནི་འདི་ལོའི་དཔྱིད་དུས་ཀྱི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་5Gཐད་གཏོང་ལྟ་སྐབས་ཀྱི་རྣམ་པ་ཞིག་རེད།

དེ་གར“མཛེས་ལྗོངས་ཕུད། ལོ་ལྟར་གྱི་ཧི་མ་ལ་ཡའི་མཐའ་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་རིམ་བྱུང་དང་། ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་འགྲན་བསྡུར། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་དང་། རྟ་རྒྱུག་དུས་ཆེན། ཞིང་པའི་ལོ་ལེགས་དུས་ཆེན་སོགས་5Gདྲ་རྒྱའི་ཐད་གཏོང་ནས་ལྟ་ཐུབ་ཀྱི་ཡོད། 5Gདྲ་རྒྱ་གཞི་ཁྱོན་ལྡན་པའི་ཁྱབ་གདལ་ཕྱིན་པ་དང་བསྟུན་དཔེ་མཚོན་ལྡན་པའི་5Gརྣམ་པ་སྤྱོད་མཁན་མང་དུ་ཕྱིན་པ་མ་ཟད། དེས་ཉིང་ཁྲི་དང་ཕྱི་ཕྱོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུའང་ཕྱིན་ཡོད”ཅེས་བོད་ལྗོངས་སྒུལ་བདེ་ཉིང་ཁྲི་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཝུའུ་ཁྲུན་གྱིས་བརྗོད་པ་རེད།

ལྟ་ཞིབ་ཚད་ལེན་དང་འཁོར་སྐྱོད་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

ཁེ་ལས་ལ་མ་གནས་ཆུང་དུ་དང་ཕན་འབྲས་ཆེ་རུ་གཏོང་རོགས་བྱས་པ།

བསོད་ནམས་ཆོས་འཕེལ་ནམ་རྒྱུན་དང་འདྲ་བར་སྔ་ས་ས་ནས་ཞིང་ནང་དུ་སླེབས་ཤིང་། ཁོང་གི་མདུན་དུ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་དྲོད་ཁང་ཆེན་པོ་བརྒྱ་ཙམ་དག་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་སྐྱེ་ཁམས་ཞིང་འབྲོག་ལས་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས་ཡོད།

སྔོ་ཚལ་དྲོད་ཁང་ཆེན་པོའི་རྒྱལ་སྒོ་འཛུལ་ནས་སྒོ་འགྲམ་གྱི་5Gདྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཁ་ཕྱེ་ན་དྲོད་ཚད་དང་། བརླན་ཚད། ས་རྒྱུ་བ་ཚྭ་ཅན་སོགས་དམིགས་ཚད་སྣ་ཚོགས་བརྙན་ཤེལ་ནས་མངོན་གྱི་ཡོད། དྲོད་ཁང་དུ་བཏབ་པའི་སྐྱེ་དངོས་མི་འདྲ་བའི་དབང་གིས་བསོད་ནམས་ཆོས་འཕེལ་གྱིས་དེ་མཚུངས་ཀྱི་བཀོལ་སྤྱོད་མཐེབ་མནན་ན་དྲོད་ཁང་གི་ཡོལ་བ་དལ་བུར་ཕྱེ་བ་དང་རླུང་འགྲོའི་སྒེའུ་ཁུང་ཡང་རིམ་བཞིན་ཕྱེ་གི་ཡོད། དེ་ལྟར་བརྙན་ཤེལ་རེ་རེ་བཞིན་ལ་ལྟ་ཞིབ་བྱས་ཚེ་བསོད་ནམས་ཆོས་འཕེལ་གྱིས་སྔ་དྲོ་གཅིག་ལ་དྲོད་ཁང་ཆེན་པོ་བཞི་བཅུ་ལྷག་ཙམ་གྱི་དྲོད་ཚད་དང་གཤེར་ཚད་དོ་དམ་བྱེད་ཐུབ་ཀྱི་ཡོད།

ཁོང་ཚོས་ཚོད་ལྟ་བྱས་པ་བརྒྱུད་ས་མཐོའི་སྐྱེ་དངོས་འདི་དག་སྐྱེ་འཚར་ཡག་པོ་བྱུང་ཡོད། འོན་ཀྱང་ས་མཐོར་གནམ་གཤིས་འགྱུར་ལྡོག་ཆེ་བས་འདེབས་འཛུགས་བྱེད་མཁན་ཚོས་གཡོག་བྱེད་ཧུར་ཐག་བྱེད་དགོས་པ་དང་སྐྱེ་དངོས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས་པས་མི་ཤུགས་ཟད་གྲོན་ཆེ་བའི་དབང་གིས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་འགྲོ་ཐུབ་ཀྱི་མེད།

དེ་ནས་ཀུང་སི་དང་བོད་ལྗོངས་ལྷོ་ཁ་ལན་ཐུང་ཀུང་སི་མཉམ་ལས་བྱས་ནས་5Gརིག་ནུས་སྒྲིག་ཆས་ནང་འདྲེན་བྱས། “རིག་ནུས་སྒྲིག་ཆས་བེད་སྤྱོད་མ་བཏང་གོང་དྲོད་ཁང་ཆེན་པོའི་དྲོད་ཚད་དོ་དམ་བྱེད་མཁན་མི་གཉིས་གསུམ་ཙམ་དགོས་ཀྱི་ཡོད། དེ་འདྲ་བྱས་ཚེ་དྲོད་ཁང་ཆེན་པོ་བརྒྱ་ཙམ་ལ་དོ་དམ་བྱེད་པར་མི་བཅུ་གྲངས་ཀྱི་ཚོགས་པ་ཞིག་དགོས། ད་ཆ་5Gརིག་ནུས་སྒྲིག་ཆས་ལ་བརྟེན་པས་མི་15ལས་དགོས་ཀྱི་མེད”ཅེས་བསོད་ནམས་ཆོས་འཕེལ་གྱིས་བཤད།

དེ་བས་གནད་སྨིན་གྱི་དོ་དམ་གྱིས་ཐོན་ཚད་མཐོ་རུ་ཕྱིན་པ་སྟེ། བསོད་ནམས་ཆོས་འཕེལ་གྱིས་པད་ཚལ་ཧྲང་ཧའེ་ཆིང་འདེབས་སའི་དྲོད་ཁང་ཆེན་པོར་དཔེ་བཞག་ན། རིག་ནུས་སྒྲིག་ཆས་བསྒར་རྗེས་དྲོད་ཁང་རེར་དུས་ཚིགས་རེར་པད་ཚལ་ཧྲང་ཧའེ་ཆིང་ཐོན་ཚད་རྒྱ་མ་3000ལྷག་ཙམ་ཟིན་གྱི་ཡོད་པ་དེ་རིག་ནུས་སྒྲིག་ཆས་མ་བསྒར་གོང་དང་བསྡུར་ན་རྒྱ་མ་500ཙམ་འཕར་ཡོད། “དེ་དག་ཚང་མ་ནི་ཚན་རྩལ་གྱི་སྟོབས་ཤུགས་ལས་བྱུང་བ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

རྒྱང་ཁྲིད་སློབ་གསོ་སྤེལ་སྟངས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

མང་ཚོགས་ལ་དམངས་འཚོ་འགན་ལེན་བྱེད་རོགས་བྱས་པ།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་འབྲིང་གཉིས་པའི་སློབ་མར་དམིགས་བསལ་གྱི“ཡོངས་བསྒྲགས་སློབ་ཚན”ཞིག་འཚོགས་པ་རེད།

AIཡི་འདྲ་བཟོས་མི་ཞིག་གིས་རྩིས་རིག་ཤེས་བྱ་སློབ་ཁྲིད་བྱས་ཤིང་། སློབ་མ་ཚོས་སློབ་ཚན་ཉན་གྱིན་མིག་མདུན་གྱི་གློག་རྡུལ་ཡོ་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད། གནད་དོན་འཕྲད་སྐབས་སློབ་མ་ཚོས་རང་འགུལ་ངང་དྲི་བ་བཏོན་ཚེ་གློག་རྡུལ་བརྙན་ལམ་ནང་གི་དགེ་རྒན་གྱིས་སློབ་མའི་འདྲི་བར་ལན་རྒྱག་པ་མ་ཟད། སློབ་མར་མིག་མདུན་གྱི་གློག་རྡུལ་ཡོ་ཆས་སྤྱོད་སྟངས་ཀྱང་སློབ་ཀྱི་ཡོད།

དེ་ནི“མ་འོངས་པའི་ཚོར་སྣང”ཟབ་མོ་ལྡན་པའི་རྒྱང་ཁྲིད་རྩིས་རིག་སློབ་ཚན་ཞིག་ཡིན་ཞིང་། བརྙན་ལམ་ནང་གི་རྒན་ལགས་དེ་ལེ་དབར་སྟོང་གི་བར་ཐག་ཆོད་པའི་ཧྲའོ་ཤིང་ལ་ཡོད་པ་དང་། ཁོང་ནི་ཧྲའོ་ཤིང་དམའ་འབྲིང་དང་པོའི་དགེ་རྒན་ཅིན་ལིང་ཡིན་པ་རེད།

དེ་ནི་ཧྲའོ་ཤིང་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི“5G+རིག་ནུས་སློབ་གསོའི་རོགས་སྐྱོར”རྣམ་གྲངས་ཡིན་ཞིང་། དེས་5Gདྲ་རྒྱར་བརྟེན་ནས་སྲོལ་རྒྱུན་གྱི་རྒྱང་ཁྲིད་སློབ་གསོའི་ཞན་ཆ་བསལ་བ་མ་ཟད། དེ་གོང་རྒྱུན་གཏན་གྱི་བརྙན་ལམ་སློབ་ཚན་གྱི་ཞན་ཆའང་བསལ་ཏེ་སློབ་ཚན་ཐོག་ཕན་ཚུན་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཡོད། “AIདགེ་རྒན་གྱིས་རང་ཉིད་ཀྱི་སློབ་ཚན་ཁྲིད་སྟངས་ལ་འགྱུར་ལྡོག་ཆེན་པོ་ཐེབས་སོང་། ས་མཐོའི་ཕྲུ་གུ་ཚོར་སྤུས་ཚད་དེ་བས་ལེགས་པའི་སློབ་ཁྲིད་ཐུབ་པའི་རེ་བ་ཡོད”ཅེས་ཅིན་ལིང་གིས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་ཁྲིད་སློབ་གསོ་སྤེལ་སྟངས་དེ་བས་མང་བ་5Gལག་རྩལ་གྱི་རྒྱབ་སྐྱོར་འོག་དོན་འཁྱོལ་ཐུབ་ཅིང་། 5Gམཚོན་བྱེད་དུ་བྱེད་པའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་སློབ་གསོ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱས་ཏེ་སློབ་གསོའི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། སློབ་གསོའི་ཁོར་ཡུག་བསྐྱར་སྒྲིག སློབ་གསོའི་འདུ་ཤེས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ་སློབ་གསོ་གྲངས་འཛིན་ཅན་ལ་ཕྱོགས་པར་འདེགས་སྐྱོར་ཧུར་ཐག་བྱེད་པ་དང་གྲངས་འཛིན་སློབ་གསོ་བོད་དུ་འཕེལ་རྒྱས་མྱུར་པོ་ཡོང་བ་བྱ་རྒྱུ་རེད།

(བསོད་བདེ་གཞོན་པ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)