རིག་གནས་དམངས་ཕན་བྱ་བས་མི་སེར་གྱི་བདེ་སྐྱིད་འཚོ་བར་བཀྲག་མདངས་གསར་པ་བསྣན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་རིག་གནས་སྡེ་ཚན་གྱིས“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཐབ་ཇུས་དམིགས་ཚད་ཀྱི་བླང་བྱར་དམ་པོར་དམིགས་ནས“རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ”གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་པའི་ཐོག་རིག་གནས་གསར་གཏོད་ཀྱི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་དང་རྒྱུན་ཆད་མེད་པར་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་པས། གྲོང་ཁྱེར་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྒུལ་ཤུགས་ཀྱི་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
A
རིག་གནས་མཁོ་སྤྲོད་ལེགས་སུ་བཏང་བས་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་སྦྲགས་བསམ་པའི་རིག་གནས་ལ་འཛིན་པའི་མི་རྣམས་ཀྱི་དགོས་མཁོ་ཇེ་ཆེར་ཕྱིན་ནས་སྲོལ་རྒྱུན་གྱི་སྐོར་བྲོ་ཡང་གྲོང་གསེབ་ནས་གྲོང་ཁྱེར་གྱི་སྤྱི་གླིང་དུ་དར་འགོ་ཚུགས་ཤིང་། ཉིན་ལྟར་སྔ་དྲོ་ལྷ་སའི་སྤྱི་གླིང་ཆེ་ཆུང་ཚང་མར་གྲོང་མིས་སྐོར་བྲོ་འཁྲབ་པ་གང་སར་མཐོང་རྒྱུ་ཡོད་ལ། དགོང་མོ་སྡེ་ཁུལ་གྱི་ཐང་ཆེན་དུ་བདེ་སྐྱིད་འཚོ་བ་གླུ་རུ་ལེན་པའི་འགྱུར་ཁུག་སྙན་མོའང་རྟག་ཏུ་ཐོས་རྒྱུ་ཡོད།
བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་དང་དམངས་ཡོངས་ཀྱི་ལུས་སྦྱོང་སྤེལ་རེས་འགྲེམས་སྟོན་ལས་སྟེགས་གཏོད་ཆེད། 2023ལོའི་ཟླ་དྲུག་པར་ལྷ་ས་གྲོང་ཁྱེར་གྱི་སྐོར་བྲོའི་འགྲན་བསྡུར་ཆེན་པོ་རྫོང་རྒྱབ་ཀླུ་ཁང་དུ་གཉེར་ཞིང་། གྲོང་ཁྱེར་ཡོངས་ཀྱི་འཐུས་མིའི་རུ་ཁག་36གི་མི་གྲངས་700ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད། སྐོར་བྲོའི་རུ་ཁག་གི་འཁྲབ་སྟོན་པའི་ལུས་ཀྱི་སྟངས་སྟབས་མཉེན་ཞིང་ཉམས་འགྱུར་ལྡན་ལ་ས་གནས་སོ་སོའི་གྱོན་ཆས་དང་། རོལ་དབྱངས། འཁྲབ་སྟངས་བཅས་མི་འདྲ་བ་ལས་སྐོར་བྲོའི་རིག་གནས་ཀྱི་མཛེས་དཔྱོད་དང་ཁྱད་པར་རབ་ཏུ་མངོན་ཁར། མི་མི་རེ་ངོ་རེའི་བཞིན་ལས་རིག་གནས་ཀྱི་གདེང་ཚོད་ཀྱི་རྣམ་པ་ཟབ་མོ་མངོན་ཡོད།
བསམ་པའི་རིག་གནས་འཚོ་བ་དོན་དུ་གཉེར་རྒྱུ་ནི་གྲོང་ཁྱེར་ཁོ་ནར་དབང་བ་ཞིག་མིན་ཞིང་། གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་བྱེད་རིམ་བཞིན་ཡུལ་མི་ཚོས་ཇ་སྲུབས་མ་དང་མངར་མོ་འཐུང་ཞོར་སྐད་གསང་མཐོན་པོའི་གཞས་གདངས་དང་། མཛེས་པའི་སྟངས་སྟབས། དགོད་བྲོ་བའི་འཁྲབ་སྟོན་སོགས་ལ་རོལ་ནས་མིག་ཡིད་རྣ་བའི་དགའ་སྟོན་ཉམས་སུ་མྱོང་གི་ཡོད། “རིག་རྩལ་གཤམ་སྐྱོད་བྱེད་སྒོས་རྒྱ་ཆེའི་ཡུལ་མི་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་བསྐངས་ནས་ཚང་མར་རང་ཁྱིམ་གྱི་སྒོ་རྩ་ནས་རིག་རྩལ་འཁྲབ་སྟོན་ལྟ་ཐུབ་པ་བྱུང་། ཏང་གི་དམངས་ཕན་སྲིད་ཇུས་དང་ང་ཚོའི་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོའི་ཡུལ་མི་ལྷུན་གྲུབ་ཀྱིས་བཤད།
B
སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ།
2023ལོའི་ལོ་མཇུག་ཏུ“ལྷ་སའི་གྱོན་ཆས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ནས་མི་རིགས་གྱོན་ཆས་ཀྱི“རིག་གནས་དགའ་སྟོན”གཟབ་རྒྱས་ཤིག་བཤམས་ཤིང་། དུས་ཡུན་གཟའ་འཁོར་གཅིག་གི་བྱེད་སྒོ་སྤེལ་རིང་། མོལ་ཐྲོལ་100ལྷག་ཙམ་གྱིས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་པོ་ཏ་ལའི་ཐང་ཆེན་དང་། ནོར་བུ་གླིང་ཁ། རྫོང་རྒྱབ་ཀླུ་ཁང་སོགས་སུ་སྔ་རྗེས་སུ་ལྟད་མོ་བར་གྱོན་གོས་སྣ་ཁ་དྲུག་ཅུ་དང་ཆ་ཚང་བརྒྱ་ལྷག་ཙམ་ངོམས་སྟོན་བྱས་པར། ས་གནས་ཁག་ནས་ཡོང་བའི་མི་རིགས་གྱོན་ཆས་ལ་དགའ་པོ་ཡོད་མཁན་དང་། ཇུས་འགོད་མཁན། རིག་གནས་སྒྲིག་གཞི། ཡུལ་སྐོར་བ་བཅས་ཀྱི་ཡིད་དབང་བཀུག་ཡོད། ད་རེས་ཀྱི་བྱེད་སྒོ་གཉེར་བ་བརྒྱུད་ལྟད་མོ་བས་གྱོན་ཆས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། བོད་ཀྱི་མི་རིགས་གྱོན་ཆས་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད། འགྲེམས་སྟོན། དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་ནས། མི་རིགས་རིག་གནས་སྔར་བས་དར་སྤེལ་དང་མང་ཚོགས་ཀྱི་རིག་གནས་ཀྱི་མོས་སེམས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུའང་ཕྱིན་ཡོད།
ལྷ་སའི་དུས་རབས་གསར་པའི་དཔེ་ཀློག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བའི་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་སྤྱི་དམངས་ཀྱི་རིག་གནས་དགོས་མཁོ་སྣ་ཚོགས་རྒྱུན་ཆད་མེད་པར་སྐོང་བ་དང་གྲོང་མི་སྔར་ལས་མང་བས“དཔེ་ཀློག་ལྷ་སའི”ཁྱབ་སྤེལ་བྱེད་སྒོའི་ནང་ཞུགས་ཐུབ་པ་བྱ་ཆེད། 2023ལོའི་ཟླ་བཅུ་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས“ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་མཚན་མོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིམ་སྤེལ་བྱེད་སྒོ་རིམ་སྤོར་བྱས་ནས་སྤེལ་ཏེ། རིག་གནས་གསར་གཏོད་ཀྱི་ཐོན་རྫས་འགྲེམས་སྟོན་དང་། གླུ་གར་འཁྲབ་སྟོན། དཔེ་ཀློག་མཉམ་སྤྱོད། པར་གཞི་འགྲེམས་སྟོན། རི་མོ་འབྲི་བ། ཡི་གེའི་གབ་ལན་འཚོལ་བ་སོགས་ལ་བརྟེན་ནས་ཀློག་པ་པོར་མཚན་མོའི་སྤྱི་པའི་རིག་གནས་ཞབས་འདེགས་སྤུས་ལེགས་ཞུས་ཡོད།
“བྱེད་སྒོ་སྤེལ་རིམ་བཞིན་ངས་ཕྲུ་གུ་ཁྲིད་ནས་དེའི་ནང་ཞུགས་ཀྱི་ཡོད། དོན་སྙིང་ཧ་ཅང་ཆེན་པོ་འདུག གང་ལགས་ཤེ་ན། ཕྲུ་གུ་དཔེ་མཛོད་ཁང་དུ་ཁྲིད་པ་དེས་ཁོང་ཚོའི་དཔེ་ཀློག་གི་དད་མོས་ཆེ་རུ་འགྲོ་བ་དང་ཕྲུ་གུའི་ལྟ་རྒྱ་ཆེ་རུ་འགྲོ་བ་དང་གྲོགས་པོ་མང་ཙམ་འགྲིག་ཐུབ་ཀྱི་འདུག”ཅེས་ཀློག་པ་པོ་སྒྲོལ་མཚོས་བཤད།
C
ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པས་དམངས་ཕན་གྱི་བྱ་བ་དངོས་སྒྲུབ་ཐུབ་པ་བྱུང་བ།
ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བརྟན་དུ་བཏང་ནས་རིག་གནས་དམངས་ཕན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་ཁྱོན་ཡོངས་ལ་ཁེབས་ཐུབ་པར་བྱས་ཁར། རིམ་ཁག་མང་ཚོགས་སྒྱུ་རྩལ་ཁང་དང་། དཔེ་མཛོད་ཁང་། རྟེན་རྫས་བཤམས་མཛོད་ཁང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་སྣ་ཚོགས་ཚང་མ་སྤྱི་དམངས་ལ་རིན་མེད་སྒོ་ཕྱེ་བ་མ་ཟད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་སྤྱི་པའི་རིག་གནས་ཞབས་ཞུའི་ནང་ཞུགས་རྒྱུར་སྣེ་ཁྲིད་སྐུལ་སློང་དང་། དམངས་གཉེར་རིག་གནས་སྒྲིག་བཀོད་རིན་མེད་སྒོ་ནས་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། 2023ལོར་རིག་རྩལ་འཁྲབ་སྟོན་ཐེངས་9000ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་268ལ་ཕན་པ་ཐོབ་ཡོད།
“2024ལོར་ང་ཚོས‘འཚོ་བར་ཟབ་འཇུག་དང་མི་དམངས་ལ་གཞི་ཚུགས་དགོས་པའི’ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་ནས་དུས་རབས་ཀྱི་རྣམ་པ་གསར་པ་མཚོན་ཞིང་མི་དམངས་ཀྱི་གསར་གཏོད་ལ་བསྟོད་གླུ་འབུལ་བའི་རིག་རྩལ་བརྩམས་ཆོས་སྤུས་དག་རྒྱུན་ཆད་མེད་པར་འདོན་རྒྱུ་དང་། རིག་གནས་དང་ཡུལ་སྐོར་གཉིས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་རིག་གནས་ཀྱི་བླ་སྲོག་དང་རིག་གནས་ནུས་སྤྲོད་ཀྱི་བྱེད་ནུས་བཏོན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ། མི་དམངས་ཀྱི་སེམས་ཤུགས་ཆེ་རུ་གཏོང་རྒྱུ་དོན་ལ་བབས་སར་བྱས་ཏེ་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་ཧུར་ཐག་བྱས་ནས་ཕུལ་བྱུང་རིག་གནས་ཐོན་རྫས་བཏོན་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གྲ་རྒྱས་ཕུན་ཚོགས་ཡོང་བར་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)