འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཆ་སྒྲིག་མཉམ་སྐྲུན་སྡེ་ཁུལ་སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་དང་མཉམ་དུ“བྱིས་སེམས་དྲོ་བ་དང་། བདེ་འཇགས་འགན་ལེན། འཚར་ལོངས་སྲུང་སྐྱོང”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་དང་ལས་བྱེད་ལས་བཟོ་ཁྱོན་30ལྷག་ཙམ་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་ཡོང་ནས་ཕྲུ་གུ་ཚོར་ཡིག་ཆས་དང་། པར་དེབ། སློབ་སྦྱོང་གི་མཁོ་ཆས་བཅས་200ལྷག་ཙམ་སྤྲད་དེ་ཚང་མར་སློབ་སྦྱོང་ཡག་པོ་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བའི་ལྕག་སྐུལ་བྱས་པ་དང་། ཆུར་ལྷུང་བ་དང་། གློག་འཕྲིན་གྱི་ཁ་བསླུས། ཆགས་སྲེད། བསླུས་ཚོང་། རྐུ་རྒྱག་བཅས་སྔོན་འགོག་གི་མི་ལུས་བདེ་འཇགས་ཀྱི་དཔྱད་ཡིག་200ལྷག་ཙམ་སྤྲད་པ། འཁྱག་རྨས་དང་བརྡབ་སྐྱོན་དང་། ཤོག་སྦག གངས་ཤུད་གློད་པའི་འགྲིམ་འགྲུལ་ལས་འཛོལ། མེ་སྐྱོན། འཚིག་རྨས་བཅས་སྔོན་འགོག་གི་བདེ་འཇགས་ཤེས་བྱ་སློབ་ཁྲིད་བྱས་ནས་ཁྱིམ་བདག་དང་བྱིས་པའི་རང་སྲུང་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་སྟེ་ཁྱིམ་བདག་གིས་ལྟ་སྐྱོང་གི་འགན་འཁྲི་ཏན་ཏིག་ཁུར་ནས་ཕྲུ་གུ་ཚོའི་གུང་གསེང་གི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཕྲུ་གུ་ཚོས་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོ་ཚོར་བར་བྱས་པ་མ་ཟད། བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས་ནས་ཁྱིམ་བདག་དང་ཕྲུ་གུ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་ཡང་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དབྱང་ལིའུ་ཆིང་གིས་སླད་ཕྱིན་སྡེ་ཁུལ་དང་མཉམ་སྐྲུན་མཉམ་འབྲེལ་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གཅེས་སྐྱོང་གི་བསམ་ཕྱོགས་གསར་གཏོད་བྱེད་པ། གཅེས་སྐྱོང་གི་འབྲེལ་ཐག་རིང་དུ་གཏོང་བ། སྤྱི་ཕན་གཅེས་སེམས་ཀྱི་བྱ་སྤྱོད་སྣ་ཚོགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་སྒོའི་ནང་ཞུགས་ཚད་མང་དུ་གཏོང་བ་བཅས་བྱས་ནས་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རོགས་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།