《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月23日

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་རྐང་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

ཐད་གཏོང་ཟོག་ཚོང་ལ་བརྟེན་ནས་ཚོང་ལམ་བཤངས། ཞིང་སྐྱོར་འབབ་འཕར་ལ་བརྟེན་ནས་མི་སེམས་དྲོས།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྤོ་བོ་རྫོང་རྐང་པ་གྲོང་ཚོར་གདོད་མའི་རྣམ་པའི་ཀྲུང་ལུགས་སྨན་རྩྭ་ཚོང་ཟོག་ཏུ་བྱས་པའི་ཐད་གཏོང་འགྲེམས་ཚོང་ཞིག་བདེ་བླག་ངང་གཉེར་ཡོད།

སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་རྐང་པ་གྲོང་ཚོ་ནི་མོན་མཚེར་དང་། རྔ་ཐང་། རྐང་པ་བཅས་རང་བྱུང་གྲོང་ཚོ་3ལས་གྲུབ་ཅིང་། གྲོང་ཚོ་ཡོངས་སུ་ཁྱོན་དུད་ཚང་31གི་མི་198ཡོད་པ་དང་། 2022ལོར་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་33134.60ཟིན་ཡོད། གྲོང་ཚོ་དེའི་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་། རང་བྱུང་ཡུལ་ལྗོངས་མཛེས་པ། རིག་གནས་ཀྱི་ནང་དོན་ཟབ་པ། ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད། མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ས་ཞིང་འདེབས་རྒྱུ་དང་། འབྲི་གཡག་གསོ་ཚགས། ནགས་ལས་ཐོན་ཁུངས་དང་ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ། ཀྲུང་ལུགས་སྨན་རྩྭ་བྲིན་ཚོང་སོགས་རེད།

རྐང་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པ་བཅའ་སྡོད་བྱས་ཚུན། “ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེ་མོ་བྱེད་པར་བསྐྱོད་པའི”བྱེད་སྒོ་སྤེལ་བ་བརྒྱུད། གྲོང་ཚོ་དེར་ཤ་མོའི་རིགས་དང་ཀྲུང་ལུགས་སྨན་རྩྭ་སོགས་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་བྲིན་ཚོང་ཐབས་ལམ་ཡག་པོ་མེད་པ་ཤེས་རྟོགས་བྱུང་ཡོད།

མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་ཞིང་། རྐང་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”སྒྲིག་འཛུགས་ཐེངས་མང་བྱས་ནས་འབྲེལ་ཡོད་ཚོགས་འདུ་འཚོགས་ཏེ་ཐད་གཏོང་ཐབས་ལམ་བརྒྱུད་བྲིན་ཚོང་གི་དཀའ་གནད་སེལ་རྒྱུའི་ཐག་བཅད་ཡོད། མིག་སྔའི་བར། ཐད་གཏོང་ཟོག་ཚོང་གི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་40ཟིན་ཏེ་དབུལ་སྒྲོལ་དུད་ཚང་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་འབྲེལ། ཡོང་འབབ་སྒོར་ཁྲི་4འཕར་བར་སྐུལ་འདེད་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ནུས་ལྡན་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།