《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月23日

སྒར་རྫོང་གཙོ་ཚོ་ཤང་གླང་བཅུ་གྲོང་ཚོ།

གྲོང་ཚོ་གསར་པར་དར་རྒྱས་ཀྱི་རེ་བས་ཁེངས།

སེང་གེ་ཁ་འབབ་གྲོང་རྡལ་ནས་རྡོག་ཐོན་གྱིས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་317བརྒྱུད་ལྷ་སར་བསྐྱོད་སའི་ཕྱོགས་སུ་སྤྱི་ལེ་30ཙམ་བསྐྱོད་རྗེས་སྒར་རྫོང་གི་གཙོ་ཚོ་ཤང་དུ་འབྱོར། སེང་གེ་ཁ་འབབ་ཀྱི་ཆུ་ལག་གཙོ་བོ་རྒྱ་སྨུག་ཆུ་བོ་དལ་གྱིས་རྒྱུག་བཞིན་དེ་གའི་རྩྭ་ཆུ་བཟང་བའི་རྩྭ་ཐང་དང་རང་བྱུང་གི་མཛེས་ལྗོངས་ཀྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ནས་རང་དབང་མེད་པར་པར་ལེན་བྱེད་པར་ཐལ།

གླང་བཅུ་གྲོང་ཚོ་ནི་གཙོ་ཚོ་ཤང་སྲིད་གཞུང་གནས་ཡུལ་དུ་ཆགས་པ་དང་། རྒྱལ་ལམ་317གྲོང་ཚོ་དེ་ནས་བརྒྱུད་ཡོད། དེ་ནི་འབྲོག་ལས་ཁོ་ན་གཉེར་མཁན་གྱི་གྲོང་ཚོ་སྤྱིར་བཏང་ཞིག་ཡིན་ནའང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུར་དེ་གར་མངའ་རིས་ས་ཁུལ་གྱི་ས་འོག་ཚ་ནུས་གློག་ཁང་དང་པོ་དེ་བསྐྲུན་པའི་དབང་གིས་གྲོང་ཚོ་དེའི་སྙན་གྲགས་ཉེ་རིང་གང་སར་ཁྱབ།

གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ།

2023ལོའི་ཟླ་7ཚེས་3ཉིན། སྔོན་མ་ས་འོག་ཚ་ནུས་གློག་ཁང་བརྒྱབ་པའི་སྙན་གྲགས་དང་མཚུངས་པའི་དོན་ཆེན་ཞིག་ཐོན་ནས་གླང་བཅུ་གྲོང་ཚོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པ་སྟེ། ཧྲའན་ཤིས་ཀྱི་བོད་སྐྱོར་མ་དངུལ་སྒོར་ཁྲི་29000བཏང་ནས་བསྐྲུན་པའི་གཙོ་ཚོ་ཤང་གཞུང་ལམ་ལམ་རྒྱུད་མཐོར་གཏོང་ལས་གྲྭ་ལེགས་གྲུབ་ཟིན་ནས་རྩིས་སྤྲད་པ་དང་། གླང་བཅུ་གྲོང་ཚོའི་དུད་ཚང་79ཡི་མི་གྲངས་239ཐོག་མར་དེང་རབས་ཅན་གྱི་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་བ་དེ་རེད།

“ད་རེས་ཀྱི་ལས་གྲྭ་ལག་བསྟར་གྱི་ཁྱབ་ཁོངས་ནང་རྒྱལ་ལམ་317ལམ་རྒྱུད་ཀྱི་གཞོགས་གཡས་གཡོན་དུ་སྡོད་མཁན་གྲོང་ཚོའི་མང་ཚོགས་ཚུད་ཡོད། དེའང་བོད་སྐྱོར་མ་དངུལ་ནས་70%བཏོན་པ་དང་། མང་ཚོགས་རང་ཉིད་ཀྱིས་མ་དངུལ་སྒོར་30%གྲབས་གསོག་གིས་ཁང་པ་བརྒྱབ་པ་དང་། སྡོད་ཁང་གསར་པའི་རྒྱ་ཁྱོན་ཡང་སྨི་ངོས་གྲུ་45ནས་སྨི་ངོས་གྲུ་120བར་རིམ་པ་ལྔར་ཕྱེ་སྟེ། མང་ཚོགས་ཀྱི་སྡོད་ཁང་རྙིང་པའི་རྒྱ་ཁྱོན་ལ་གཞིགས་ཏེ་བགོས་ཡོད”ཅེས་གླང་བཅུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བསྟན་འཛིན་གྱིས་ངོ་སྤྲོད་བྱས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

གཞན་ཡང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འབད་བརྩོན་ལ་བརྟེན་ནས་གླང་བདུན་གྲོང་ཚོས་ད་དུང་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་ཡོད་ཀྱི་མ་དངུལ་བརྩོན་ལེན་བྱས་ཏེ་ཨར་འདམ་ལམ་བཟོ་བ་དང་། ས་ཕག་འདིང་བ། སྔོ་ལྗང་ཅན་དུ་གྱུར་པ། དུད་ཚང་88ཀྱི་ཁང་ཕྱིའི་བཀོད་པ་སྒྱུར་བཀོད། རྫབ་དོང་གསར་རྒྱག གྲོང་ཚོའི་སྲང་ལམ་སྐྲུན་པ་སོགས་ཀྱི་རྣམ་གྲངས་མང་པོ་ཞིག་ལག་ལེན་བསྟར་རྩིས་ཡོད་ཅིང་། སྔོན་དཔག་བྱས་ན་འདི་ལོར་རྣམ་གྲངས་དེ་དག་ལེགས་གྲུབ་ཟིན་རྗེས་གྲོང་ཚོ་ཧྲིལ་པོའི་རྣམ་པ་གསར་རྐྱང་དུ་འགྱུར་ངེས་རེད།

འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ནས་དྲིན་ཚོར་བསམ་པ་བཅངས་པ།

འདི་ལོ་ལོ་65ལ་སླེབས་པའི་རྒད་པོ་བུ་དགའ་ནི་སྡོད་ཁང་གསར་པར་སྤོས་པའི་མང་ཚོགས་ཀྱི་གྲས་ཤིག་རེད། ཁོང་གི་ཁང་པར་སྨི་ངོས་གྲུ་60ཡོད་པ་ལས་ཚོམས་ཆེན་ལ་སྨི་ངོས་གྲུ་40ཡོད། ཁང་པའི་མཐོ་ཚད་ལ་སྨི་3ཙམ་ཟིན་པ་དང་ནང་དུ་གུ་ཡངས་ཤིང་རླུང་འགྲོ་ཡག་པོ་ཡོད། ཉི་འོད་སྒེའུ་ཁུང་ནས་འཕྲོས་འོང་སྐབས་ཁང་པའི་ནང་ཚ་སོབ་སོབ་ཀྱི་སྣང་བ་ཞིག་འོང་།

སྔོན་མའི་ཁང་པ་རྙིང་པར་ཆ་རྐྱེན་ཞན་པ་མ་ཟད། ཉིན་ལྟར་ཆུ་ཐེངས་མང་པོ་ལེན་དགོས་པས། རང་ཉིད་ལོ་རྒས་ནས་ཆུ་ལེན་མི་ཐུབ་པར་བརྟེན་ཕྲུ་གུར་བརྟེན་རྒྱུ་ལས་མ་འདས་མོད། འོན་ཀྱང་ད་ཆ་སྡོད་ཁང་གསར་པར་ཆུ་ཀ་ལ་དང་གློག་ཁྲིད་ཡོད་པ་མ་ཟད། གསང་སྤྱོད་དང་ཐབ་ཚང་ལོགས་སུ་ཡོད་པས་འཚོ་བའི་ཁ་ཐབས་ལེགས་སུ་ཕྱིན་ཡོད་ཅེས་རྒད་པོ་བུ་དགས་གསར་འགོད་པར་བཤད་བྱུང་།

ད་ཆ་བུ་དགས་རིགས་མི་འདྲ་བའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་པ་དང་སྦྲགས་ཁྱིམ་གྱི་ལུག་100ལྷག་ཙམ་བུ་མོར་གཡོག་བྱེད་དུ་འཇུག་གི་ཡོད་པས་འཚོ་བའི་ཐད་སེམས་ཁྲལ་མེད། ཁོང་གིས་རྒྱུན་དུ་རང་ཉིད་ཀྱི་འཚེམ་དྲུབ་ཀྱི་ལག་ཤེས་ལ་བརྟེན་ནས་གྲོང་ཚོའི་མང་ཚོགས་ལ་གྱོན་པ་གསར་པ་འཚེམ་པ་དང་རྙིང་པར་ལྷན་པ་བརྒྱབ་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཡན་ཡོང་གི་ཡོད།

སླད་ཕྱིན་གྱི་བསམ་ཚུལ་སྐོར་གླེང་སྐབས། བུ་དགས་རང་ཉིད་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤོས་ཏེ་གླ་པ་རྒྱུག་པའི་བུ་ཕྲུག་དང་མཉམ་དུ་འཚོ་བ་བསྐྱལ་ནས་ཁང་པ་འདི་བོགས་མར་བཏང་སྟེ་ཡོང་འབབ་གསོག་རྩིས་ཡོད་ཅེས་བརྗོད།

གྲོང་གསེབ་ཀྱི་ཁང་པ་ཡིན་རུང་། རྒྱལ་ལམ་གྱི་ལམ་རྒྱུད་དང་ཤང་སྲིད་གཞུང་གནས་སར་འཁེལ་བའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཚོང་ལས་ཀྱི་འདུ་ཤེས་ཟབ་མོ་ལས་ཁང་གླ་ལེན་མཁན་མང་པོ་ཡོད་ཅིང་། ལྷག་པ་ནི་དེའི་ཁྲོད་ཀྱི་གཅིག་རེད།

“ང་ཆུང་དུས་གང་སར་གླ་པར་འགྲོ་གི་ཡོད། ཐག་རིང་ཤོས་ལ་སྤུ་ཧྲེང་རྫོང་དུ་འགྲོ་མྱོང་། འོན་ཀྱང་བསགས་དངུལ་དེ་ཙམ་མེད། རྗེས་སུ་གླང་བཅུ་གྲོང་ཚོ་འཕེལ་རྒྱས་ཡག་པོ་ཕྱིན་པ་མཐོང་སྐབས་བཟའ་ཟླ་བཀྲ་ཤིས་ལྷ་མོ་ཁྲིད་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་འགྲོ་རྒྱུའི་ཐག་བཅད་དེ་ཟ་ཁང་ཞིག་བཙུགས་ནས་ད་བར་ལོ་4ཕྱིན་སོང”ཞེས་ལྷག་པས་བཤད།

བཟའ་ཟླའི་གཡོས་སྦྱོར་གྱི་ལག་རྩལ་ཡག་པའི་ཁར། ལྷག་པ་ཧུར་སེམས་ཆེ་བར་བརྟེན་ཟ་ཁང་བཙུགས་མ་ཐག་ཚོང་ཧ་ཅང་ཡག་པོ་ཡོད་པས་ལོ་ཕྱེད་ལྷག་ཙམ་ནང་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཏེ་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་ཡོད།

“སྔོན་མ་ཁང་པ་རྙིང་པར་ཟ་ཁང་འཛུགས་སྐབས། ཆ་རྐྱེན་སྐྱོ་བའི་ཐོག་སྒྲིག་ཆས་ཡག་པོ་མེད་པ་དང་སྣེ་ལེན་ཡང་ཡག་པོ་བྱེད་མི་ཐུབ་པས་ཡོང་འབབ་དེ་ཙམ་ཡག་པོ་མེད”ཅེས་ལྷག་པས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས“ད་ཆ་སྔོན་མ་དང་འདྲ་གི་མེད། གཟིགས་དང་། ཁ་གདན་དང་སྒྲོག་ཙེ་འདི་དག་ཚང་མ་གསར་པ་ཉོས་པ་ཡིན། ཕ་གིར་ད་དུང་ཟུར་ཁང་ཞིག་བརྒྱབ་ནས་མི་མང་པོ་མཉམ་དུ་འཛོམས་པར་སྟབས་བདེ་བྱུང་བས་མི་མང་པོས་ངའི་འདིར་ཡོང་རྒྱུར་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

ལས་གཏོད་ལས་ཞུགས་བྱས་ནས་ཡོང་འབབ་གསོག་པར་བྲེལ་བ།

2022ལོར་རྩྭ་ཆུ་བཟང་བར་བརྟེན་གྲོང་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བྱ་བ་དངོས་སྒྲུབ་པའི་མ་དངུལ་སྤྱད་དེ“གླང་བཅུ་བོད་ཁྱིམ་དམངས་སྲོལ་གྲོང་ཚོ”བསྐྲུན་ཡོད། དབྱར་ཁར་ཟླ་བ་ཁ་ཤས་ལས་གཉེར་སྐྱོང་མི་ཐུབ་རུང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་6ཡན་བྱུང་བ་མ་ཟད། ད་དུང་མང་ཚོགས་4ལས་ཞུགས་ཐུབ་ཡོད།

འདི་ལོ་ལོ་26ལ་སླེབས་པའི་འབྲུག་རྒྱལ་ཆོས་འཕེལ་ནི་སྤྲོ་གསེང་གྲོང་ཚོའི་འགན་འཁུར་བ་ཞིག་ཡིན་པ་དང་། ཁོང་ལ་ཟླ་རེར་གླ་ཆ་སྒོར་3500ཡོད། འགྲུལ་པ་མེད་པའི་སྐབས་སུ་ཁོང་གིས་རང་ཉིད་ཀྱི་འདོན་འཇུག་རླངས་འཁོར་བཏང་ནས་ཨར་ལས་བྱ་ཡུལ་དུ་དབོར་འདྲེན་གྱི་ལས་ལ་གཞོལ་ཞིང་། ཞིང་འབྲོག་པའི་ངལ་ནུས་འབབ་གཏོད་མཉམ་ལས་ཁང་གི་སྣེ་ཁྲིད་ལ་བརྟེན་ནས་གླང་བཅུ་གྲོང་ཚོའི་མི་ཐེངས་113གཞུང་ལམ་རྒྱུད་ཀྱི་མཐོར་གཏོང་ལས་གྲྭར་ཞུགས་པར་ཁྱོན་ཡོང་འབབ་སྒོར་ཁྲི་14དང་འབྲུག་རྒྱལ་ཆོས་འཕེལ་མི་སྒེར་ལ་ཡོང་འབབ་སྒོར་ཁྲི་3བྱུང་ཡོད།

མིག་སྔར། གླང་བཅུ་གྲོང་ཚོས་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་50དབུལ་སྐྱོར་སྒོ་རྩིས་ཚོང་ཁང་རྒྱས་སྐྲུན་ལ་བཏང་བ་དང་། ད་ཆ་ཐོག་སོ་གཉིས་ལྡན་གྱི་མ་ཁང་བསྐྲུན་ཟིན་ནས་ནང་ལོགས་ལ་མཛེས་བཟོ་དང་དངོས་ཟོག་ཉོ་སྒྲུབ་བྱེད་བཞིན་ཡོད། ཚོང་ཁང་སྒོ་ཕྱེ་རྗེས་ཤང་ཡོངས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་ཤོས་སུ་འགྱུར་རྒྱུ་མ་ཟད། མང་ཚོགས་5ལས་ཞུགས་ཐུབ་ནས་ལོ་ལྟར་ཁེ་གཙང་ཡོང་འབབ་སྒོར་ཁྲི་15ལས་བརྒལ་བཟོ་ཡོད།

གཞུང་ལམ་ལམ་རྒྱུད་མཐོར་གཏོང་ལས་གྲྭའི་སྐུལ་ཁྲིད་ནུས་པར་བརྟེན་ནས་གྲོང་ཚོས་ད་དུང་ཆ་རྐྱེན་འཛོམས་པའི་མང་ཚོགས་ལས་གཏོད་ཚོང་གཉེར་ལ་ལྕག་སྐུལ་ཧུར་ཐག་བྱས་པ་དང་སྦྲགས་འབྲེལ་ཡོད་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་རོགས་སྐྱོར་ཡང་ཐོབ་ཐབས་བྱས་ཡོད། མིག་སྔར་གླང་བཅུ་གྲོང་ཚོར་ལྷག་པ་ཚུད་པའི་དུད་ཚང་22ཀྱི་མང་ཚོགས་ཀྱིས་ཚོང་ཁང་དང་ཟ་ཁང་སོགས་བཙུགས་ཡོད་པས་ལས་གྲྭ་མཇུག་འགྲིལ་རྗེས་སྤྱིའི་ཡོང་འབབ་སྒོར་ཁྲི་50ལས་བརྒལ་བཟོ་ཡོད་པ་རེད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)