《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月23日

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས” ཟླ་2ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བཀོད་སྒྲིག་ཚགས་ཚུད་པ་བཅས་བྱས་ཡོད་པས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ་སློབ་སྦྱོང་ནན་ཏན་དང་ཡིད་ཆེས་བརྟན་གཏོང་ཁྲོད་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཐོས་བསམ་མྱོང་རྟོགས་ཁྲོད་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ། ཞིབ་བསྡུར་དང་ལག་བསྟར་ཁྲོད་རང་ཉིད་ལ་སྦྱོང་བརྡར་ཟམ་མི་ཆད་པར་སྤྲོད་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་རང་འགུལ་ངང་ཐེག་པ་ཁུར་ལེན་ཐུབ་པ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་། བེད་སྤྱད་ནས་སློབ་སྦྱོང་ལ་སྐུལ་འདེད། སྦྱངས་སྤྱོད་ཟུང་འབྲེལ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

“‘དཔྱིད་གསར་གྱི་ཚོགས་འདུ་དང་པོ’དེ་ཡིན་ལ། ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཆེད་དོན་བཀོད་སྒྲིག་བྱས་པ་ཞིག་ཀྱང་ཡིན་ཞིང་། དེ་ལས་སྤྱོད་བཟང་སྒྲིག་ནན་ལ་ལྷོད་གཡེང་མི་གཏོང་བ་དང་མཚམས་མི་འཇོག་པའི་བརྡ་གསལ་པོ་བཏང་ཡོད། ང་ཚོས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས” ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་བསོད་ནམས་དབྱངས་ཅན་གྱིས། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་འཁྲིའི་ལས་འགན་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཏེ་ལས་ཀའི་ལས་ཕྱོད་དང་ལས་ཀའི་སྤུས་ཚད་གཉིས་ཀ་མཐོ་རུ་གཏོང་བ་དང་། ཤེས་སྦྱོར་གཅིག་མཐུན་དང་། ཁ་དན་ཚིག་གནས། དམ་བཅའ་ལག་བསྟར་བཅས་ཀྱི་གཟུགས་བརྙན་བཟང་པོ་བཏོད་དེ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། བསམ་གཞིག་གསར་གཏོད་དང་མཐོང་རྒྱ་ཆེ་རུ་བཏང་སྟེ་ལས་ཀའི་གཙོ་གནད་དེ་ཞིབ་ཕྲའི་ལས་དོན་ལེགས་སྒྲུབ་བྱེད་པ་ནས་དོན་ཆེན་ལ་དམ་འཛིན་དང་སྤྱི་ཡོངས་དོན་གཉེར་མཁས་པོ་བྱེད་པའི་བར་འགྱུར་ལྡོག་གཏོང་བ་དང་། ལས་ཀའི་དམིགས་ཚད་དེ་མིག་སྔའི་ལས་དོན་ཡག་པོ་སྒྲུབ་པ་ནས་རང་འགུལ་ངང་ཕར་རྒོལ་དང་ཚད་བརྒལ་གྱི་འཆར་འགོད་མཁས་པོ་བྱེད་པའི་བར་འགྱུར་ལྡོག་གཏོང་བ། ལས་ཀ་བྱེད་སྟངས་དེ་གཞན་གྱིས་ཚ་འདེད་གཏོང་བ་ནས་རང་འགུལ་ངང་བསམ་གཞིག་ཇུས་འགོད་བྱེད་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འགྱུར་ལྡོག་གཏོང་བ་བཅས“འགྱུར་ལྡོག་གསུམ”གྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། རིམ་ཁག་ཏང་ཨུད་ཀྱིས་འགན་འཁྲི་སྔར་བས་ཁ་གསལ་དང་བྱེད་ཐབས་གསར་གཏོད་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་དོན་འཁྱོལ་སྔར་བས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་གནས་པའི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཏང་ཨུད་ཚན་ཁག་གི་ཁོངས་མིས་འཕྲལ་དུ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས་2024ལོའི་ལས་ཀའི་ཤུགས་རྒྱག་ས་གཙོ་བོ་ཁ་ཕྱོགས་ཁ་གསལ་བཟོས་པ་རེད། “སྤྱོད་ཚུལ་ནི་ཏང་སྲོལ་དང་། སྲིད་སྲོལ། ཉེན་སྲོལ་བཅས་ཀྱི་གཅིག་བསྡུས་ཀྱི་མཚོན་ཚུལ་ཞིག་རེད” གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཆབ་སྲིད་ཨུ་ཡོན་ཕུར་བུ་ཚེ་རིང་གིས། གོམ་སྟབས་རྗེས་མར་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ཚད་བརྒལ་སར་བརྩིས་ནས“མཐའ་སྟོབས་དང་། མཐའ་བརྟན། མཐའ་དར། དམངས་ཕྱུག”བཅས་ཀྱི་འཐབ་ཇུས་དམིགས་ཚད་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྲ་ཞིང་བརྟན་པའི་ཏང་སྲོལ་ལ་བརྟེན་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་འགྲིལ་བ་དང་། ཉེན་རྟོག་པའི་སྤྱོད་ཚུལ་ནན་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ཞིབ་བཤེར་གྱི་ལས་འགན་ལྕི་པོར་བརྟེན་ནས་འགན་འཁྲི་འཁུར་བ་བཅས་བྱས་ཏེ་བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ནུས་ཡོད་རྒུས་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད།

(དཔའ་མོ་དང་ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)