《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年02月23日

ཀྲུང་གུང་ཀྲུང་དབྱང་གིས།

《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་བརྡ་ཐོ་བཏང་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་གཞིར་བཟུང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། 《སྲོལ་ཡིག》དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ནས་དུས་རབས་གསར་པའི་སྐོར་གཟིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་གྱིས་སྐོར་གཟིགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་དང་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། དེ་ལས་ཏང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་བསྒྲགས་གསལ་འགྲེལ་དང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱས་ནས《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩིས་ནས་ཆབ་སྲིད་ལྟ་སྐུལ་དེ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ། སྐོར་གཟིགས་དག་ཐེར་ཐད་ཕན་འབྲས་ངོ་མ་ཐོན་པ་དང་ཕན་འབྲས་ངོ་མ་ཐོན་ཐབས་བྱས་ཏེ། དག་ཐེར་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། དག་ཐེར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐོར་གཟིགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱེད་པ། རྩ་ལག་མཉམ་བཅོས་གཏིང་ཟབ་བཅས་བྱེད་དགོས་པ། སྐོར་གཟིགས་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐོར་གཟིགས་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ། སྐོར་གཟིགས་ཀྱིས་སྐོར་ཞིབ་ཀྱི་ཚབ་བྱས་ཏེ། གོང་འོག་མཉམ་འགུལ་གྱི་མ་ལག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྟ་སྐུལ་གྱི་དྲ་བའི་ཚགས་དམ་དུ་གཏོང་དགོས་པ། དེ་བཞིན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)