《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月21日

ཞིང་འབྲོག་ལས་ཐོན་སྐྱེད་ཀྱི“བདེ་འཇགས”ཡག་པོ་བསྲུངས་པ།

—— རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་དུས་བདེ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་པའི་སྐོར་བཀོད་པ།

མི་རིང་བའི་གོང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་སྒོ་རའི་ནང་གློ་བུར་དུ་མེ་ཆེན་པོ་འབར་བ་དང་ལག་ཏུ་མེ་གསོད་ཡོ་བྱད་བཟུང་བའི་ལས་བྱེད་ལས་བཟོ་ཚོས་གོ་རིམ་ལྡན་པའི་ངང་མེ་འཕྲལ་མར་བསད་པ་རེད།

དེ་ནི་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཉེར་བའི་ཡུལ་དངོས་ཀྱི་དགུན་དུས་མེ་ཟོན་གྱི་ནང་སྦྱོང་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་དུས་བདེ་འཛུགས་སྐྱོང་ཐད་བསམ་ཕྱོགས་དོན་གཉེར་དང་། ཐབས་གསར་འདོན་པ། འགོག་ཟོན་ནུས་ལྡན། རྒྱུན་གཏན་ནས་དམ་འཛིན་བཅས་བྱས་ཤིང་། ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དུས་བདེ་ཡོང་བར་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་ཞིང་ལས་འཕྲུལ་ཆས་རྒྱ་ཁྱབ་ངང་སྤྱད་པ་དང་བསྟུན་བཀོལ་སྤྱོད་ཀྱི་ཆུ་ཚད་དང་ཞིང་འཕྲུལ་གྱི་སྤུས་ཚད་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་ཐོན་སྐྱེད་བདེ་འཇགས་ཐད་ལྷགས་པའི་མངོན་མེད་རྐྱེན་ངན་མང་དུ་ཕྱིན་ཡོད། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གནད་དོན་ཐག་གཅོད་བྱ་ཐབས་ཧུར་ཐག་བཙལ་ནས་མི་མེད་གནམ་གྲུས་ཞིང་འཕྲུལ་གྱི་ཚབ་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུས་སྲོལ་རྒྱུན་གྱི་འཕྲུལ་ཆས་ཀྱི་ཚབ་བྱས་ཏེ་སྨན་ཆུ་གཏོར་བ་སོགས་ཀྱི་ལས་ཀའི་ཐད་སྤྱད་ནས་ཐོན་སྐྱེད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བས། སྨན་རྫས་འཕྲོ་བརླག་མི་འགྲོ་བ་དང་ཁོར་ཡུག་ཐད་སྲོལ་རྒྱུན་གྱི་འཕྲུལ་ཆས་ལས་སྒྲུབ་ཀྱི་ཤུགས་རྐྱེན་ཕོག་ཚད་ཆུང་དུ་སོང་ནས་བཀོལ་སྤྱོད་གནད་འཁེལ་དང་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། 2022ལོ་ནས་བཟུང་། རིམ་རྩིས་བྱས་ན་ལྗོངས་ཡོངས་སུ་མ་དངུལ་སྒོར་ཁྲི་56.5བཏང་ནས་མི་མེད་གནམ་གྲུ་གཏོང་སྟངས་ཀྱི་རྩལ་ནུས་གསོ་སྦྱོང་ལ་སྤྱད་པ་དང་ལག་ཁྱེར་ཡོད་པའི་ཞིང་འབྲོག་པ་113ལ་གསོ་སྦྱོང་བྱས་པ་རེད།

མི་ཕྱུགས་གཉིས་ཀར་ཕོག་སླ་བའི་ནད་རིགས་འགོག་བཅོས་དང་ཕྱུགས་ལས་ཐོན་རྫས་ཀྱི་བདེ་འཇགས་ནི་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་རེད། 2021ལོ་ནས་བཟུང་རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས“བོད་ལྗོངས་འབྲོག་ལས་ཤར་གཏོང”མ་ལག་དང“ཚད་གཞི་གསུམ་གཅིག་ཏུ་སྒྲིལ་བའི་ཁུངས་འདེད་མ་ལག”ཕྱོགས་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བཏང་སྟེ“བོད་ལྗོངས་འབྲོག་ལས་ཤར་གཏོང”མ་ལག་ནང་གསོ་ཚགས་ཀྱི་ཡིག་ཚགས་དོ་དམ་དང་། འགན་བཅོལ་འབྲེལ་མཐུད། བོད་རྒྱ“སྐད་གཉིས”སོགས་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་གསོ་ཚགས་དང་། གཏོང་འདྲེན། དོན་འཁྱོལ། བཤས་གཏོང་སོགས་གཙོ་གནད་ལྷུ་ཚིགས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁུངས་འདེད་ལྟ་འདོམས་བྱས་ནས་སྲོག་ཆགས་ཀྱི་རིམས་འགོག་རིམས་བཤེར་ཐད་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བཤངས་པ་རེད། མིག་སྔའི་བར་རང་ལྗོངས་ཀྱི་རྫོང(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཚང་མར་སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་ཀྱི་ཤོག་བུ་མི་དགོས་པའི་Bལག་ཁྱེར་སྤྲོད་རྒྱུ་མངོན་འགྱུར་བྱུང་བ་རེད།

དུས་བདེ་འཛུགས་སྐྱོང་གི་འགག་རྩ་ནི་ལམ་ལུགས་ལ་རག་ལས་ཤིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་སྤྱི་ཚོགས་བརྟན་ལྷིང་དང་། ཐོན་སྐྱེད་བདེ་འཇགས། མེ་ཟོན་སོགས་ལ་དམིགས་ནས་ལས་ཀའི་ལམ་ལུགས་རབ་དང་རིམ་པ་བཟོས་པ་དང་སྔ་རྗེས་སུ་ཐིང་ཁོངས་གཏོགས་ལ་ཡུལ་དངོས་ཀྱི་ཞིབ་བཤེར་ཐེངས་མང་བྱས་ཏེ་དག་ཐེར་གྱི་བསམ་འཆར་བཏོན་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད། དེ་དང་ཆབས་ཅིག་གཞི་རིམ་དུ་བརྟག་ཞིབ་དང་གྲོང་སྡོད་ལས་དོན་དང་ཟུང་འབྲེལ་གྱིས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཚེས་ཞུས)