འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་རྩེ་རྫོང་སློབ་གསོ་ཅུས་ཀྱིས་ལས་དོན་པ་སྒྲིག་འཛུགས་བྱས་ནས་རྒྱལ་རྩེ་རྫོང་གི་ཤང(གྲོང་རྡལ)19རུ་བསྐྱོད་དེ་དུས་ཡུན་ཉིན་5ཡི་རིང་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱས་ཤིང་། ཤང(གྲོང་རྡལ)ཁག་གི་སློབ་གསོའི་ཆེད་བསྐོས་ལས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བ། ལོ་འདིར་ཐོན་པའི་སློབ་ཐོན་སློབ་མ། དེ་བཞིན་སློབ་མའི་ཁྱིམ་བདག་བཅས་ཞུགས་པ་རེད།
སྒྲོག་འགྲེལ་བྱེད་རིང་། ལས་དོན་པས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དང་། དབུལ་གྲོལ་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བའི(དེ་སྔའི་ཡིག་ཚགས་དང་གཱ་བཟོས་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་སློབ་མ)རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས། མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་བུན་གཡར་ཚབ་འཇལ་དང་དེ་བཞིན་སློབ་མ་ཡོངས་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་བུན་གཡར་སྲིད་ཇུས་སོགས་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། སློབ་མའི་རོགས་དངུལ་སྲིད་ཇུས་རེ་ཞུའི་བརྒྱུད་རིམ་སོགས་ཐད་ཀྱི་དོགས་གནད་ལ་ལན་བརྒྱབ་ནས་ཏང་གི་སློབ་གསོའི་དམངས་ཕན་སྲིད་ཇུས་མི་ཚང་མས་ཤེས་པར་བྱས་པ་རེད། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་རིང་། 《བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་སྲིད་ཇུས་དྲིལ་བསྒྲགས་ལག་དེབ》500ལྷག་ཙམ་དང་། 《གཞིས་རྩེ་གྲོང་ཁྱེར་གྱི་སློབ་མའི་རོགས་དངུལ་སྲིད་ཇུས་དྲིལ་བསྒྲགས་ལག་དེབ》250ལྷག་ཙམ། 《སློབ་མ་ཡོངས་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་བུན་གཡར་རེ་ཞུའི་ཕྱོགས་སྟོན》150ལྷག་ཙམ་བཅས་སྤྲད་པ་རེད།
(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)