《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月21日

དཔྱིད་གསར་སྐྱེལ་འདྲེན་གྱི་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ།

འདི་ནི་ལས་དོན་སྒྲུབ་བཞིན་པའི་འོད་ཟེར་མཚོ་མོ་ཡིན་པ།

འདི་ནི་འདམ་གཞུང་འབབ་ཚུགས་ཀྱི་སྡོད་བྱ་བ་སུན་ལི་ཆིང་ལས་གནས་ཐོག་ཡོད་པ།

མཚོ་བོད་ལྕགས་ལམ་ཐོག་རྟག་ཏུ་མཛེས་ལྗོངས་དེ་འདྲ་ཞིག་མཐོང་རྒྱུ་ཡོད་པ་སྟེ། འགྲུལ་པས་མེ་འཁོར་ཐོག་ནས་རྒྱང་རིང་གི་གངས་རི་པར་དུ་ལེན་སྐབས་ལམ་སྲུང་པས་མེ་འཁོར་ལ་ཕྱོགས་ནས་གུས་འདུད་ཞུ་གི་ཡོད། ཁྱེད་ཀྱིས་མེ་འཁོར་གྱི་སྒེའུ་ཁུང་ནས་ཕྱི་རོལ་ལ་ལྟ་བཞིན་ནང་མི་དང་མཉམ་འཛོམས་བྱེད་པར་སྐྱོད་པའི་དུས་དེར་མི་མང་པོ་ཞིག་གིས་ད་དུང་ལས་གནས་བརྟན་སྲུང་བྱས་ནས་འགྲུལ་པའི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱེད་བཞིན་ཡོད།

ལོ་38རིང་ལྕགས་ལམ་སྲུང་མཁན་གྱི“དམག་མི་རྒན་གྲས”

ལྕགས་ལམ་བཟོ་པའི་ངོས་ནས་བརྗོད་ན་དཔྱིད་གསར་སྐྱེལ་འདྲེན་ནི་ལོ་གཅིག་གི་བྲེལ་འཚུབ་ཆེ་སྒང་རེད། ང་ཚོས་མེ་འཁོར་ནས་ཕྱི་རོལ་དུ་ལྟ་སྐབས་འབབ་ཚུགས་རེ་རེར་ལྕགས་ལམ་བཟོ་པ་ཚོས་ལས་གནས་བརྟན་སྲུང་བྱེད་པ་མཐོང་རྒྱུ་ཡོད་པ་དེ་ནི་ཁོང་ཚོས་མེ་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།

འདམ་གཞུང་འབབ་ཚུགས་ནི་དེའི་ཁྲོད་ཀྱི་འབབ་ཚུགས་ཆུང་ཆུང་ཞིག་ཡིན་པ་དང་། དུས་རྒྱུན་ལས་བྱ་གཉིས་ཀྱིས་འགྲུལ་པ་མེ་འཁོར་ལ་འཛུལ་བ་དང་བབས་པའི་རིང་གི་འགན་འཁུར་གྱི་ཡོད་པ་དང་སྨི་ངོས་གྲུ་30ཙམ་ལས་མེད་པའི་སྡོད་བྱ་ཁང་ནང་མི་གཉིས་པོས་ཉིན་གང་ལས་ཀ་བྱེད་དགོས་ཀྱི་ཡོད།

མཚོ་བོད་ལམ་ཐིག་ཏུ་ལས་ཀ་བྱས་ནས་ལོ་38སོང་བའི་སུན་ལི་ཆིང་ནི་འདམ་གཞུང་མེ་འཁོར་འབབ་ཚུགས་ཀྱི་སྡོད་བྱ་བ་ཞིག་རེད། ཁོང་གི་ལས་ཀ་ནི་མེ་འཁོར་གཏོང་བའི་ལས་ཀའི་ཁྲོད་ནས་དཀའ་ལས་ཆེ་ཤོས་ཀྱི་ལས་ཀ་ཞིག་རེད། ལས་སྒོའི་བྱང་ཚད་མཐོ་པོ་དགོས་པ་མ་ཟད། ད་དུང་ལས་ཀའི་སྤྱོད་ཚུལ་ནན་ལ་ཞིབ་ཚགས་པོ་དགོས་ཀྱི་ཡོད། ལྷག་པར་དུ་རྒྱུན་གཏན་མིན་པའི་གནས་ཚུལ་འོག་ལྷུ་ཚིགས་ཚང་མར་བསམ་གཞིག་ནན་པོ་བྱེད་དགོས་ཀྱི་ཡོད་པས་ལྷུ་ཚིགས་གཅིག་ལའང་ལྷོད་གཡེང་ཤོར་ཚེ་མེ་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་མི་ཐུབ་པ་མ་ཟད་ཐ་ན་ལས་འཛོལ་ཡང་ཐོན་སྲིད།

འདམ་གཞུང་འབབ་ཚུགས་ལ་དུས་མཚམས་རེར“གནམ་སྒོར”ཞིབ་བཤེར་ཉམས་གསོ་བྱེད་པའི་ལས་འགན་ཡོད་པས་སུན་ལི་ཆིང་གིས་མེ་འཁོར་བསུ་གཏོང་བྱེད་དགོས་པ་མ་ཟད། ད་དུང་ཨར་སྐྲུན་ཚན་པས་བྲིས་པའི་ཨར་སྐྲུན་གྱི་ནང་དོན་ལ་ཞིབ་དཔྱད་ཀྱི་འགག་སྒོ་ནན་པོ་སྲུང་དགོས་པ་དང་། ད་དུང་སྒྲིག་ཆས་སོགས་ཀྱི་ཐོལ་བྱུང་གནས་ཚུལ་ཐག་གཅོད་ཀྱང་བྱེད་དགོས་ཀྱི་ཡོད།

སུན་ལི་ཆིང་གིས“མ་གཞི་ངའི་ལས་ཀ་འདི་སྤྱིར་བཏང་ཞིག་ཡིན་ཡང་འགན་འཁྲི་ལྕི་པོ་ཡོད། འདི་ལོ་ནི་ང་ལས་འཁྱུར་མ་བྱས་གོང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་འགན་འཁུར་ཐེངས་མཐའ་མ་དེ་རེད། ངས་ཚད་གཞི་དེ་བས་མཐོ་པོས་མེ་འཁོར་རེ་རེ་བཞིན་བདེ་འཇགས་ངང་བསུ་གཏོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

“00ནང་སྐྱེས”ཀྱི་བོད་རིགས་བུ་མོའི་ལས་ཀ་བྱེད་ཐེངས་དང་པོ།

འདི་ལོ་ལོ་23ལ་སླེབས་པའི་འོད་ཟེར་མཚོ་མོ་སློབ་ཆེན་ཐོན་རྗེས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཟངས་རི་ཕྱོགས་བསྡུས་བདག་སྐྱོང་ཉམས་གསོའི་འཁོར་ཁང་དུ་ལས་བགོས་བརྒྱབ། ལྕགས་ལམ་ཆེད་ལས་མིན་པའི་ཁོང་གིས་ལས་གནས་ཐོག་ཞུགས་རྗེས་ལས་སྒོའི་ཤེས་བྱ་སྦྱངས་ནས་ཆེད་ལས་ཤེས་བྱ་ཁ་གསབ་བྱས་ཏེ་ཨར་སྐྲུན་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་ལ་ཞིབ་འཇུག་བྱས་པས་ཐོ་འགོད་དང་ཐོ་སྲུབ་ཀྱི་འགྲོ་ལུགས་ཁོང་དུ་ཆུད་པ་མ་ཟད། ད་དུང་མེ་འཁོར་འཁོར་སྐྱོད་རི་མོར་ལྟ་སྟངས་སྦྱངས་ནས་འབབ་ཚུགས་ལ་འགོག་སྲུང་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད།

མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད། སློབ་སྦྱོང་ལ་བརྩོན་པ་ཆེ་བའི་ཁོང་མགྱོགས་མྱུར་བདེ་འཇགས་འགོག་སྲུང་པའི་ཐོབ་ཐང་གི་ཡིག་རྒྱུགས་ལོན།

“ཁང་ཕྱིའི་བདེ་འཇགས་འགོག་སྲུང་གི་ལས་ཀ་རྩིས་ཐོག་མར་བླངས་པའི་འོད་ཟེར་མཚོ་མོས་རྐང་ཐང་མར་སྐྱོད་རིང་རང་འགུལ་ངང་མེ་འཁོར་གྱི་ལྷུ་ལག་ལ་ཞིབ་བཤེར་ཞིབ་ཚགས་བྱེད་ཀྱི་ཡོད་པས་བདེ་འཇགས་འགོག་སྲུང་པའི་ཚད་གཞི་ལོན་ཡོད”ཅེས་འགན་འཁུར་བ་ཝང་ཧན་མིན་གྱིས་ཁོང་གི་གཟབ་ནན་དང་ཞིབ་ཚགས་པའི་ལས་ཀའི་རྣམ་འགྱུར་ལ་བསྔགས་བརྗོད་བྱས།

འོད་ཟེར་མཚོ་མོས་གཟེངས་སུ་ཐོན་པའི་སྒོ་ནས་ཁང་ཕྱིའི་ལས་ཀ་སྟེ་བདེ་འཇགས་འགོག་སྲུང་གི་ལས་འགན་ལེགས་གྲུབ་ཐུབ་ཡོད། “གོམ་སྟབས་རྗེས་མར་ངས་ཆེད་ལས་རྩལ་ནུས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ལས་ཀའི་ཁྲོད་ཞུགས་རྒྱུ་ཡིན”ཞེས་འོད་ཟེར་མཚོ་མོས་བཤད།

མི་སེམས་དྲོ་བར་བྱེད་མཁན་འགྲུལ་སྐྱེལ་སྡོད་བྱ་བ།

1991ལོར་སྐྱེས་པའི་པད་མ་ལྷ་མཛེས་ནི་གཞིས་རྩེའི་འབབ་ཚུགས་ཀྱི་འགྲུལ་སྐྱེལ་སྡོད་བྱ་བ་ཞིག་རེད། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ཁོང་ལས་ཀར་ཞུགས་ཚུན་གྱི་དཔྱིད་གསར་སྐྱེལ་འདྲེན་ཐེངས་བཅུ་པ་དེ་ཡིན་ལ། ལྷ་གཞིས་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཐེངས་བཅུ་པ་དེའང་ཡིན་པས་ཁོང་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་། དཔྱིད་གསར་སྐྱེལ་འདྲེན་རིང་ཁོང་གིས་ལས་གནས་བརྟན་སྲུང་བྱས་ནས་རྒྱ་ཆེའི་འགྲུལ་པ་ཚོར་དྲོ་སྐྱིད་ལྡན་པའི་ཞབས་ཞུ་བྱེད་བཞིན་ཡོད།

པད་མ་ལྷ་མཛེས་ཀྱིས་སྡོད་བྱ་བྱེད་རེས་ཚང་མར་སྔ་པོ་ནས་ལས་གནས་ཐོག་འབྱོར་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅིང་། སྔ་སྣུར་དུ་ལས་གནས་ཐོག་སླེབས་པ་དང་སྒྲིག་ཆས་ཀྱི་གནས་ཚུལ་ལ་ལྟ་བ་མ་ཟད། ཉིན་གཅིག་གི་འགྲུལ་པ་མང་ཉུང་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་པན་དང་ཚོགས་ཆུང་གི་འཆར་གཞི་བཀོད་ནས་སྔོན་ཇུས་ཡག་པོ་བཟོ་བ་དང་། ལྷག་པར་དུ། གཙོ་གནད་འགྲུལ་པའི་གནས་ཚུལ་ཞིབ་ཚགས་ངང་གསེད་བཀྲོལ་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་དང་བླངས་པའི་མཐུན་ཚོགས་དང་མཉམ་དུ་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་དེ་བས་ལེགས་པའི་ངང་གཙོ་གནད་འགྲུལ་པར་ཞབས་འདེགས་ཞུ་ཐུབ་པ་བྱེད་ཀྱི་ཡོད།

འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བས་ཕ་ཡུལ་དུ་ལོག་མཁན་དང་། གཉེན་ཉེ་ཐུག་འཕྲད་བྱེད་མཁན། ཡུལ་སྐོར་བྱེད་མཁན་བཅས་དུས་གཅིག་ཏུ་འཁེལ་སྟབས་གཞིས་རྩེའི་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་མང་དུ་ཕྱིན་པས་པད་མ་ལྷ་མཛེས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་ངལ་གསོ་མི་རྒྱག་པར་མེ་འཁོར་སྒུག་ཁང་དང་འབབ་ཚུགས་སུ་བྲེལ་ཏེ་དུས་ཐོག་ཏུ་འགྲུལ་པའི་དཀའ་གནད་བསལ་ཏེ་ཞབས་འདེགས་ཞུ་ཐུབ་པ་བྱེད་ཀྱི་ཡོད་པས་ཁོང་གི་ཉིན་རེའི་གོམ་གྲངས་ཁྲི་2ལྷག་ཙམ་ཟིན་གྱི་ཡོད། འབོད་བརྡ་གཅིག་དང་། ལག་བརྡ་གཅིག སྐྱོར་ཐེངས་གཅིག་བཅས་པད་མ་ལྷ་མཛེས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་ཀ་བྱེད་སྟངས་ཤིག་ལ་གྱུར་ནའང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ལས་ཀའི་སྤྲོ་སེམས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)