《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月19日

ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་58ཟིན་པ།

གཞིས་རྩེའི་ཡུལ་སྐོར་ལ་སྤུས་ཚད་མཐོ་བའི་འཕེལ་ཕྱོགས་གསར་པ་མངོན་པ།

2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཉིས་པ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་འཛུགས་པའི་དམིགས་ཚད་ངེས་གནས་ལ་དམིགས་པ་དང་གཞིས་རྩེའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ཐིག་རྩེ་གྲ་གཏོད་པ། ཚོང་གཉེར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་སོགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་ཟམ་མི་ཆད་པར་བཏོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1003.56ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་126%འཕར་བ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་ཆིག་སྟོང་གི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོར་བརྒལ་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་58ཟིན་པ་དེ་དུས་མཚུངས་ལས་112%འཕར་ཏེ“ཇོ་མོ་གླང་མའི་ཕ་ཡུལ·བཀྲ་ཤིས་པའི་གཞིས་རྩེའི”ཡུལ་སྐོར་སྤུས་རྟགས་སྔར་བས་སྐད་གྲགས་ཆོད་པར་བྱས་པ་རེད།

ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱས་པ།

བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་དམངས་སྲོལ་གནས་ཚང་ཞིག་ཏུ་ཡུལ་སྐོར་བས་ཁེངས་ཡོད་པ་དང་། སྦྱིན་བདག་མིག་དམར་བུ་ཁྲིད་ཀྱིས་གསར་འགོད་པར། འདས་ཟིན་པའི་ལོ་གཅིག་རིང་ཆབ་ཁ་གྲོང་ཚོའི་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ངའི་ཁྱིམ་གྱི་དམངས་སྲོལ་གནས་ཚང་ལ་ཡང་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་བྱུང་ཞེས་བཤད།

ཆབ་ཁ་གྲོང་ཚོར་ཕུན་སུམ་ཚོགས་པའི་ཆུ་ཚན་གྱི་ཐོན་ཁུངས་ཡོད་སྟབས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་ཚོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་སྐྱེད་སྲིང་ལ་སྣང་ཆེན་བྱས་ནས་ཆབ་ཁ་གྲོང་ཚོར་མ་དངུལ་བཏང་སྟེ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་བྱས་ཡོད། 2023ལོར་ཆབ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་དེ་བོད་རང་སྐྱོང་ལྗོངས་ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་བདམས་པ་རེད།

ཆབ་ཁ་གྲོང་ཚོ་ནི་2023ལོར་གཞིས་རྩེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ཆབ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་ཕུད་ལོ་དེའི་ནང་གཞིས་རྩེས་རྒྱལ་ཁབ་རིམ་པའི“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ”1དང་། རང་སྐྱོང་ལྗོངས་རིམ་པའི“ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི”2 རང་སྐྱོང་ལྗོངས་རིམ་པའི“མཐའ་མཚམས་གྲོང་གསེབ་ཡུལ་སྐོར་ཁྱད་ལྡན་གྲོང་ཚོ”1བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད།

ཡུལ་སྐོར་རྣམ་གྲངས་ལ་སྐུལ་འདེད་མཐའ་འཁྱོངས་བཏང་བ།

གྲོ་མོ་རྫོང་གི་རྒྱལ་སྒོའི་པ་ཤང་མཛེས་ལྗོངས་ཁུལ་དུ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དེ་གར་ནགས་ཚལ་དང་རྦབ་ཆུའི་མཛེས་ལྗོངས་མྱོང་རོལ་ལ་སླེབས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྒོར་དུང་ཕྱུར་ཙམ་བཏང་ནས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་མ་ཟད། ད་དུང་ཧྲང་ཧའེ་ཡི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་མཛེས་ལྗོངས་ཁུལ་ལ་རླངས་འཁོར་ཉོས་ནས་ཡུལ་སྐོར་བར་རིན་མེད་ངང་ཞབས་འདེགས་ཞུ་གི་ཡོད། 2023ལོའི་ལོ་མཇུག་ཏུ་རྒྱལ་སྒོའི་པ་ཤང་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་རེད།

ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་ནི་གཞིས་རྩེས་ཡུལ་སྐོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ཀྱི་གྲས་ཤིག་རེད། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྣམ་གྲངས་32གསར་སྐྲུན་དང་མུ་མཐུད་འཛུགས་སྐྲུན་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.42བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་2.98ལེགས་གྲུབ་བྱུང་ནས་ལེགས་གྲུབ་བྱུང་ཚད་123%ཟིན་ཡོད། ས་སྐྱ་གནའ་གྲོང་མཛེས་ལྗོངས་ཁུལ་དང་G219ཡི་གཞིས་རྩེ་དུམ་བུའི་ལམ་རྒྱུད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དུས་བཀག་ལྟར་ལེགས་སྒྲུབ་བྱུང་ཡོད། ཐང་དང་རྒྱ་གར་གནའ་ལམ་གྱི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གམ་པ་རྫོང་གི་སྡིག་པ་དག་པའི་ཆུ་མིག་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས། ལྷ་རྩེ་རྫོང་གི་ཡུལ་སྐོར་རིག་གནས་དམངས་སྲོལ་ཉམས་ལེན་ཁུལ་སོགས་འཛུགས་སྐྲུན་རྣམ་གྲངས་6གི་སྔོན་གཏན་འཁེལ་བའི་དམིགས་ཚད་ལེགས་གྲུབ་བྱུང་ཡོད། ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གནས་མཆོག་གངས་ལྗོངས་གྲོང་གསར་སོགས་རྣམ་གྲངས་10ལ་གྲུབ་འབྲས་ཐོབ་པའི་ངང་ཚོང་འགུགས་མ་འདྲེན་བྱས་པ་དང་། གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་6.85ཟིན་པ། མ་དངུལ་སྒོར་དུང་ཕྱུར་2.3དམིགས་སར་འབྱོར་པ། རྣམ་གྲངས་9སྐྲུན་འགོ་ཚུགས་པ་བཅས་རེད།

ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ཤུཌ་ཆེན་བྱས་པ།

ཐོན་ཁུངས་ལ་གཞི་ཚུགས་ནས་རྨང་གཞི་བརྟན་དུ་བཏང་བ་དང་དུས་མཚུངས་གཞིས་རྩེ་གྲོང་ཁྱེར་གྱིས་ཡུལ་སྐོར་ཚོང་གཉེར་ཧུར་ཐག་བྱས་ནས་2023ལོར་སྔ་རྗེས་སུ་ཧྲང་ཧའེ་དང་ཀོང་ཀྲོའུ་སོགས་སུ་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་མ་འདྲེན་སོགས་འོས་སྦྱོར་ཐེངས་16བྱས་པ་དང་། རིམ་རྩིས་བྱས་ན་རྣམ་གྲངས་10ལ་གན་རྒྱ་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་6.85ཙམ་ཟིན་ཡོད། “ཇོ་མོ་གླང་མ་སྐོར་བའི་ཡུལ་སྐོར”གྱི་མིང་བྱང་ལེགས་སུ་ཤུགས་ཆེན་བཏང་ནས་ཇོ་མོ་གླང་མའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་2023ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་46.4ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་1.1བྱུང་ནས་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད། གྲོ་མོ་རྫོང་གི“རྒྱལ་སྒོ་པ་ཤང་གི་ཉིན་གཅིག་ཡུལ་སྐོར”གྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་བཏང་བ་རེད།

ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་བསྟུན་ནས་གཞིས་རྩེ་གྲོང་ཁྱེར་ལ་སྔ་རྗེས་སུ་ཞེ་ཁྲེང་ཚོགས་པའི་གོ་ལ་ཧྲིལ་པོའི་མཉམ་ལས་རོགས་ཟླའི“ལོ་འཁོར་གྱི་གསར་གཏོད་ཚད་བརྒལ་བྱ་དགའ”དང་། 2023ལོའི་ཞེ་ཁྲེང་གི་དབྱར་དུས་ཡུལ་སྐོར་འཕེལ་ཕྱོགས་མིང་ཐོའི“ཕྱི་རོལ་གྱི་ལུས་རྩལ་དམིགས་ས” 2023ལོའི་ཞེ་ཁྲེང་གི་དཔྱིད་དུས་ཡུལ་སྐོར་འཕེལ་ཕྱོགས་མིང་ཐོའི“རང་བྱུང་མཛེས་ལྗོངས་དམིགས་ས”བཅས་ཐོབ་པ་དང་། ཧྲང་ཧའེ་ཡུལ་སྐོར་དུས་ཆེན་སྐབས་སོ་བཞི་པའི་མཛེས་འཆོས་འཁོར་ལོའི་སྐོར་འགྲེམས་དང་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི“ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)