《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月18日

ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ འགྲུལ་པ་ཕྱིར་ལོག་ལ་ཞབས་འདེགས་ཞུས་པ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་མཇུག་སྒྲིལ་གྲབས་ཡོད་པ་དང་བསྟུན་ནས་རང་ལྗོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ལོག་བྱེད་མཁན་གྱི་འགྲུལ་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དེར་བརྟེན་རང་ལྗོངས་ཀྱི་གནམ་ཐང་དང་། མེ་འཁོར་བབས་ཚུགས། འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་སོགས་ཁག་གིས་སྔ་ཙམ་ནས་བཀོད་སྒྲིག་དང་། མཐུན་སྦྱོར་ལ་ཤུགས་སྣོན། ཞབས་ཞུ་ལེགས་གཏོང་བཅས་བྱས་ཏེ་འགྲུལ་པ་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་ཡོད།

ལོ་གསར་ཚེས་7ཉིན་མངའ་རིས་དགུན་ས་གནམ་ཐང་དུ་མིས་ཁེངས་ཤིང་། རྡོག་ཁྲེས་ཁུར་བའི་འགྲུལ་པས་གནམ་གྲུར་སྡོད་པའི་འགྲོ་ལུགས་གཉེར་བཞིན་ཡོད་པ་དང་གནམ་ཐང་ཕྱི་ནང་གི་ལས་དོན་མི་སྣའང་རྒྱུན་གཏན་ལས་བྲེལ་བ་དེ་བས་ཆེ་བ་ཡོད།

“ཕྱིར་ལོག་འགྲུལ་པ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ལ་དམིགས་ནས་ང་ཚོས་འགན་ལེན་བྱེད་ཐབས་རབ་དང་རིམ་པ་བཟོས་པ་དང་། འདང་ངེས་ཀྱི་འགན་ལེན་དཔུང་ཁག་དང་ནུས་པ་ལེགས་པའི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་འགྲུལ་པར་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་ཀྱི་ཡིན”ཞེས་མངའ་རིས་དགུན་ས་གནམ་ཐང་གི་སྤྱི་ཁྱབ་ཅིང་ལི་ཧོ་ཡུང་གིས་བཤད།

ལྷ་ཉིང་ལྕགས་ལམ་ཉིང་ཁྲི་བབས་ཚུགས་སུ་གསར་འགོད་པས་ཆུ་ཁོལ་དང་། གཅེས་སེམས་སྨན་སྒམ། དཔེ་ཀློག་ཁུལ་སོགས་བཀོད་སྒྲིག་བྱས་པ་མཐོང་བྱུང་། མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣ་དང་མི་དམངས་ཉེན་རྟོག་པས་རང་འགུལ་ངང་འགྲུལ་པར་རྡོག་ཁྲེས་འཁྱེར་རོགས་བྱས་ནས་ཚང་མར་བློ་བདེ་པོ་དང་། སེམས་སྐྱིད་པོ། དྲོ་སྐྱིད་ལྡན་པ་བཅས་ཀྱི་ཚོར་སྣང་ཞིག་སྤྲད་ཡོད།

དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་སུ་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་མཁན་འགྲུལ་པ་ཧ་ཅང་མང་པོ་ཡོད་ཅིང་། སྟོད་གོས་དམར་པོ་གྱོན་པའི་དང་བླངས་པས་དང་བླངས་ཞབས་ཞུའི་ས་ཚིགས་སུ་སྡོད་བྱ་བྱས་ཏེ་འགྲུལ་པར་རླངས་འཁོར་ལ་སྡོད་སྟངས་དང་རྡོག་ཁྲེས་འཁྱེར་རོགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

“ཆབ་མདོ་ནས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་ཁྱིམ་དུ་ལོག་ཐེངས་དང་པོ་ཡིན། རླངས་འཁོར་བབས་ཚུགས་སུ་འབྱོར་རྗེས་འཁོར་ཡོམ་སྨན་ཉོ་རྒྱུ་བརྗེད་པ་གཞི་ནས་ཤེས་བྱུང་། སྟབས་ལེགས་པ་ཞིག་ལ་དང་བླངས་པ་ཞིག་གིས་འཁོར་ཡོམ་སྨན་སྟེར་བྱུང་། དེ་མེད་ན་ལམ་བར་དུ་སྡུག་པོ་མཐོང་ངེས་རེད”ཅེས་ཡུལ་སྐོར་བ་ཉིའུ་ཀྲུའུ་ཡིས་འཛུམ་དམུལ་དམུལ་ངང་བཤད།

“འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་ཙམ་མ་ཟད། ང་ཚོས་ད་དུང་དམངས་སྤྱོད་མཁའ་འགྲུལ་དང་མེ་འཁོར་བབས་ཚུགས་སོགས་འགྲིམ་འགྲུལ་ས་ཚིགས་མང་པོར‘དགུན་དུས་དྲོ་སྐྱིད་སྟེར་བའི་བྱ་སྤྱོད’ཀྱི་དང་བླངས་ཞབས་ཞུ་སྤེལ་བ་ཡིན། དཔྱིད་གསར་སྐྱེལ་འདྲེན་ལ་རང་ནུས་འབུལ་བ་དང་འགྲུལ་པར་དྲོ་སྐྱིད་སྟེར་རྒྱུ་བྱུང་བར་ང་རང་སྤོབས་སེམས་སྐྱེ་གི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཨོ་དབྱང་ཤའོ་ཧྥན་གྱིས་བཤད།